༧གོང་ས་མཆོག་ལྡུམ་རའི་བདེ་སྐྱིད་དགོན་དུ་ཆིབས་བསྒྱུར་ཉིན་གཅིག་ཕྱིར་འགྱངས།

2018-07-11
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་ལ་དྭགས་ཀྱི་ལྡུམ་རའི་བདེ་སྐྱིད་དགོན་ཕྱོགས། ༢༠༡༨།༧།༡༡
རྒྱ་གར་ལ་དྭགས་ཀྱི་ལྡུམ་རའི་བདེ་སྐྱིད་དགོན་ཕྱོགས། ༢༠༡༨།༧།༡༡
སངས་རྒྱས་རྒྱ་མཚོ།/RFA

བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལ་དྭགས་ཀྱི་ལྡུམ་རའི་བདེ་སྐྱིད་དགོན་དུ་ཆིབས་བསྒྱུར་ཉིན་གཅིག་ཕྱིར་འགྱངས་གནང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་ལ་སྤྱི་ཚེ་བརྟན་དབང་ཕྱུགས་ལགས་ལ་༧གོང་ས་མཆོག་མཛད་འཆར་སྐོར་གནས་འདྲི་ཞུས་སྐབས། ཁོང་གིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་ལ་དྭགས་ཁུལ་གྱི་མཛད་འཆར་ལ་འགྱུར་བ་ཕྲན་བུ་ཕྱིན་ནས་༧མགོན་པོ་གང་ཉིད་ལ་དྭགས་ཀྱི་ལྡུམ་རའི་བདེ་སྐྱིད་དགོན་དུ་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་གནང་རྒྱུ་དེ་བཞིན་ཉིན་གཅིག་རིང་ཕྱིར་འགྱངས་གནང་ནས་སྤྱི་ཚེས་༡༢་ཉིན་ཆིབས་བསྒྱུར་སྐྱོང་རྒྱུ་ཡིན་པ་གསུངས་བྱུང་།
མཛད་འཆར་ལྟར་ན། ཕྱི་ཟླ་༧་པའི་ཚེས་༡༡་ཉིན་༧མགོན་པོ་གང་ཉིད་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་ནུབ་རར་ཆིབས་བསྒྱུར་བསྐྱངས་གནང་གིས་ཁུལ་དེར་ཚེས་བཅུ་བདུན་བར་བཞུགས་རྒྱུ་ཡིན་པ་མ་ཟད་ཆོས་འབྲེལ་དང་མང་ཚོགས་ལ་བཀའ་སློབ་སོགས་སྩལ་གནང་རྒྱུ་ཡིན་འདུག དེ་ནས་སླེ་རུ་ཕྱིར་ཕེབས་ཀྱིས་སྐུ་ངལ་གསོས་གནང་ཏེ་རིམ་པས་ཟང་དཀར་དང་དཀར་དཀྱིལ་བཅས་པར་ཆིབས་བསྒྱུར་གནང་ཏེ་ཆོས་འབྲེལ་དང་མང་ཚོགས་ལ་མཇལ་ཁ་སོགས་གྲུབ་མཚམས་སླར་ཡང་སླེ་རུ་ཕྱིར་ཕེབས་ཀྱིས་ཉིན་གྲངས་གསུམ་ཙམ་རིང་གསུང་ཆོས་སྩལ་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་ཀྱང་། ཆིབས་བསྒྱུར་བསྐྱངས་ཡུལ་དེ་དག་མཐའ་མཚམས་ལུང་ཁུག་དང་ས་མཐོའི་རྐྱེན་པས་གནམ་གཤིས་དང་ཕེབས་ལམ་སོགས་མང་པོ་ཞིག་ལ་བསྟུན་གནང་དགོས་ཀྱི་ཡོད་པའི་ཆ་ནས་མཛད་འཆར་ལ་ཕྲན་བུའི་འགྱུར་བ་འགྲོ་སྲིད་པའི་ཚོད་དཔག་གནང་གི་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།