༸གོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན་མཛད་པ།

2024.06.21
༸གོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན་མཛད་པ། ༸གོང་ས་མཆོག་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས། ༢༠༢༤།༠༦།༢༡ ཉིན།
RFA/Tenzin Dhonyoe

ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༢༡ ཉིན་གྱི་སྔ་དྲོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས། ཕྱག་ཚོད་ ༡༡།༠༠ ཡོལ་ཙམ་ལ་རྒྱ་གར་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་ཡོད་པ་རེད་འདུག ཐེངས་འདིའི་ཆིབས་སྒྱུར་ནི་གཙོ་བོ་༸སྐུའི་ཞབས་པུས་སྨན་བཅོས་ཆེད་ཡིན་པ་རེད། ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་ཐོན་སྐབས། ལམ་བར་དུ་དད་ལྡན་སྟོང་ཚོ་བརྒལ་བས། ལག་ཏུ་བདུག་སྤོས་དང་མཇལ་དར་བསྣམས་ཏེ་ཕེབས་སྐྱེལ་ཞུས་སོང་།

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་གྷ་གྷལ་གནམ་ཐང་ནས་ཆིབས་ཐོན་མཛད་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གཙོས་པའི་གཞུང་ཁུངས་མིན་པའི་ཚོགས་སྡེ་ཁག་དང་། དེ་བཞིན་དད་ལྡན་སེར་སྐྱ་མང་ཚོགས་ནས་ཕེབས་སྐྱེལ་ཞུས་སོང་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་གསར་འགོད་པ་ཚོར་གསུངས་ན། རིང་མིན༸གོང་ས་མཆོག་ཨ་རིར་ཞབས་པུས་སྨན་བཅོས་ལ་ཆིབས་སྒྱུར་མཛད་ཀྱི་ཡོད་ཅིང་། ཞབས་པུས་སྨན་བཅོས་གྲུབ་རྗེས་བདུན་ཕྲག་གསུམ་གྱི་ནང་༸གོང་ས་མཆོག་ཞབས་གོམ་བསྐྱོན་ཐུབ་ཀྱི་ཡོད་པ་སྨན་པས་གསུངས་སོང་ཞེས་འགྲེལ་བརྗོད་གནང་བྱུང་། 

དེ་སྔོན་དགའ་ལྡན་ཕོ་བྲང་ནས་༸སྐུའི་ཞབས་པུས་སྨན་བཅོས་དང་འབྲེལ་བའི་གསལ་བསྒྲགས་སྤེལ་སྐབས། བོད་མིས་ཚོས་ས་གནས་ཁག་ཏུ་ཞབས་རིམ་གསོག་སྒྲུབ་གནང་ཡོད་པ་བཞིན། དེ་རིང་༸གོང་ས་མཆོག་ཆིབས་ཐོན་སྐབས་བོད་མི་ཚོས་ཞབས་པུས་སྨན་བཅོས་ལམ་ལྷོང་ཡོང་བའི་སྨོན་འདུན་འདོན་བཞིན་འདུག་ལ། འདི་ག་གསར་འགོད་པས་གྷ་གྷལ་གནམ་ཐང་དུ་ཕེབས་པའི་བོད་རིགས་ཁག་ཅིག་ལ་བཀའ་འདྲི་ཞུས་སྐབས།

སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཞབས་པུས་སྨན་བཅོས་ལེགས་གྲུབ་ཡོང་བའི་སྨོན་འདུན་དང་། གང་མགྱོགས་བོད་མི་རིགས་དང་བསྟན་སྲིད་ཆེད་མཛད་འཕྲིན་བསྐྱང་རྒྱུའི་སྨོན་ལམ་འདེབས་བཞིན་ཡོད་ཅེས་གསུངས་བྱུང་། 
ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ང་ཚོ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་སྨན་བཅོས་ལེགས་གྲུབ་ཀྱིས། བཞུགས་སྒར་རྡ་སར་གང་མགྱོགས་༸ཞབས་སོར་འཁོད་ཐུབ་པའི་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད་ཅེས་གསུངས་བྱུང་། 

གཞན་ཡང་བོད་རིགས་རྒན་རྒོན་བསོད་ནམས་ཚེ་རིང་ལགས་ཀྱིས་གསུངས་ན། ངས་བསམ་ན་ད་རེས་༸གོང་ས་མཆོག་ཨ་རིར་ཞབས་པུས་སྨན་བཅོས་ཆེད་ཆིབས་སྒྱུར་མཛད་ཀྱི་ཡོད་དུས། ང་ཚོ་བོད་མི་ས་ཡ་དྲུག་གི་ངོས་ནས། མགོན་པོ་གང་ཉིད་མཆོག གང་མགྱོགས་དྲག་སྐྱེད་དང་བཞུགས་སྒར་རྡ་སར་ཞབས་སོར་འཁོད་ཐུབ་པའི་སྨོན་ལམ་འདེབས་རྒྱུ་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་ཅེས་གསུངས་བྱུང་།

ཐེངས་འདིའི་༸གོང་ས་མམཆོག་གི་ཨ་རིར་ཆིབས་སྒྱུར་ནི་ཕྱི་ལོ་ ༢༠༡༧ རྗེས་ཐོག་མ་དེ་ཆགས་ཡོད་ཅིང་། ཕྱི་ཚེས་ ༢༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཆིབས་ཐོན་གྱིས། སུད་སུའི་གྲོང་ཁྱེར་(Zurich)་དུ་སྐུ་ངལ་གསོ་རྒྱུ་དང་། དེ་ནས་ཕྱི་ཚེས་༢༣ཉིན་སུད་སི་ནས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཆིབས་སྒྱུར་མཛད་ཀྱི་ཡོད་པ་རེད། ཨ་རིའི་ཁུལ་དུ་གཙོ་བོ་ཞབས་པུས་སྨན་བཅོས་མ་གཏོགས། ད་ལྟའི་ཆར་མཛད་འཆར་སོགས་གང་ཡང་བསྒྲིགས་མེད་སྐོར་སྲིད་སྐྱོང་ནས་གསར་འགོད་པ་ཚོར་གསུངས་སོང་། 

གསར་འགོད་པ། བདེ་ཆེན་དབང་མོ། བདེ་སྐྱིད་ཀུན་སྒྲོལ། 
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་མཆོག་གིས་བོད་དང་ས་འབྲེལ་ལ་དྭགས་བྱང་ཐང་རྒོད་ཡུལ་སོགས་སུ་འཚམས་གཟིགས་གནང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྩམས་པའི་བདེན་དོན་གླེང་བའི་གཏམ་ཟེར་བའི་དེབ་ཅིག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་དབུ་འབྱེད་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎