༧གོང་ས་མཆོག་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་འདུག

2019-04-08
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྡི་ལིར། ༢༠༡༩།༤།༦
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྡི་ལིར། ༢༠༡༩།༤།༦
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་མཛད་འཕྲིན་ཁག་ལེགས་འགྲུབ་ཀྱིས་ཕྱིར་བཞུགས་སྒར་དུ་ཞབས་སོར་འཁོད་འདུག
དེ་ཡང་བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་མ་བཞིའི་རིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྒྱལ་སྤྱིའི་རང་བཞིན་གྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཤེས་ཡོན་ལས་འཆར་རམ་སྤྱི་ཚོགས་དང་། སེམས་མྱོང་། སྤྱོད་བཟང་ཞེས་པའི་ཤེས་ཡོན་སློབ་གསོའི་ལས་འཆར་དེ་དབུ་འབྱེད་མཛད་པ་སོགས་མཛད་འཕྲིན་ཁག་ལེགས་པར་བསྐྱངས་ཏེ། སྤྱི་ཟླ་༤པའི་ཚེས་༨ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་སོང་ལ། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་བཅས་ནས། བཞུགས་སྒར་གྱི་གྷ་གྷལ་གནམ་ཐང་དུ་ཕེབས་བསུ་ཞུས་ཡོད་པ་དང་། ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕེབས་འཁོར་བརྒྱུད་རྡ་རམ་ས་ལ་དང་གངས་སྐྱིད་བཅས་སུ་ཕེབས་འབྱོར་སྐབས། ཕྱི་རྒྱལ་མི་རིགས་དང་རྒྱ་གར་བ། བོད་མི་བཅས་སེར་སྐྱ་སྟོང་ཚོ་མང་པོས་དགའ་དད་སྤྲོ་གསུམ་གྱི་ཕེབས་བསུ་ཞུས་པ་དང་འབྲེལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་ཡོད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདས་བའི་ཉིན་ཤས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར། ནམ་རྒྱུན་མིའི་ཡོན་ཏན་གོང་སྤེལ་དང་དེང་རབས་ཀྱི་སློབ་གསོའི་ལམ་སྲོལ་ནང་། བྱམས་བརྩེ་དང་བཟང་སྤྱོད་དགོས་སྐོར་བཀའ་གནང་གི་ཡོད་པའི་དགོངས་གཞི་ཁག། ཨ་མི་རི་ཀའི་ཨེ་མོ་རི་སློབ་ཆེན་གྱིས་ལོ་མང་ཞིབ་འཇུག་ཆེད་བསྒྲིགས་ཀྱིས། སྤྱི་ཚོགས་དང་སེམས་མྱོང་། སྤྱོད་བཟང་བཅས་ཀྱི་ཤེས་ཡོན་ལམ་སྲོལ་གཏན་འབེབས་གནང་ཡོད་པ། ༧གོང་ས་མཆོག་ནས་རྒྱལ་སྤྱིའི་རང་བཞིན་གྱི་ལྷན་ཚོགས་དུ་དབུ་འབྱེད་བགྲོ་གླེང་བཅས་གནང་སྟེ། གནད་ཡོད་མི་སྣ་མཇལ་འཕྲད་དང་། གསར་འགོད་ལྷན་ཚོགས་བསྐོངས་པ། ཤེས་ཡོན་ཆེད་མཁས་པ་སོགས་ལ་བཀའ་སློབ་ལམ་སྟོན་གནང་ཁར། སྤྱི་ཚེས་༤ཉིན་མོར་ལྷོ་ཤར་ཨེ་ཤ་ཡའི་སློབ་ཕྲུག་ཁག་ཅིག་ལ་བྱམས་བརྩེའི་ལམ་སྟོན་དང་། སྤྱི་ཚེས་༧ཉིན་མོར་རྒྱལ་སྤྱིའི་གཞོན་སྐྱེས་ཚོང་དོན་སྒྲིག་འཛུགས་དང་། ཏྲེམ་པལ་ཁྲོན་སྒྲིག་འཛུགས་ཀྱི་ཚོགས་འདུ་དབུ་འབྱེད་ཀྱང་གནང་ཡོད་པ་རེད།
མཛད་འཆར་ལྟར་ན། རིང་མིན་སྤྱི་ལོ་༢༠༡༩་ལོའི་སྤྱི་ཟླ་༥པའི་ཚེས་༡༠་ནས་ཚེས་༡༢་བར་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་ཚོས་སྐྱབས་འཇུག་ཞུ་དོན་ལྟར་བརྒྱུད་བླ་མའི་སྐོར་གསུང་ཆོས་སྩལ་རྒྱུ་དང་། དེའི་རྗེས་སྤྱི་ཟླ་༦་ཚེས་༣་ནས་ཚེས་༤་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཞོན་སྐྱེས་ཚོར། རྒྱལ་སྲས་ཐོག་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་གྱི་གསུང་ཆོས་བསྩལ་གནང་རྒྱུ་ཡིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།