ཤེས་ཡོན་གྱི་ནང་རྒྱ་གར་གནའ་རབས་ཀྱི་འཚེ་བ་མེད་པ་དང་བྱམས་བརྩེའི་ཉམས་ལེན་བཅུག་དགོས་པ་རེད་ཅེས། ༧གོང་ས་མཆོག་གིས་བཀའ་སྩལ་ཡོད་པ།

2022.12.08
ཤེས་ཡོན་གྱི་ནང་རྒྱ་གར་གནའ་རབས་ཀྱི་འཚེ་བ་མེད་པ་དང་བྱམས་བརྩེའི་ཉམས་ལེན་བཅུག་དགོས་པ་རེད་ཅེས། ༧གོང་ས་མཆོག་གིས་བཀའ་སྩལ་ཡོད་པ། ༸གོང་ས་མཆོག་གིས་ཨེ་མོ་རེས་གཙུག་ལག་སློབ་ཆེན་གྱི་འགན་འཛིན་ལ་མཇལ་ཁ་སྩལ་བའི་སྐབས། ༢༠༢༢།༡༢།༠༨ ཉིན།
OHHDL

ཨ་མི་རི་ཀའི་ཨེ་མོ་རེས་གཙུག་ལག་སློབ་ཆེན་གྱིས་བཞུགས་སྒར་དུ་༧གོང་ས་མཆོག་དང་ལྷན། དམིགས་བསལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བསླབ་གཞིའི་སྐོར་ཚོགས་འདུ་ཞིག་གནང་བཞིན་པ་དང་བསྟུན། གཙུག་ལག་སློབ་གྲྭ་ཆེན་མོ་དེའི་འཛིན་སྐྱོང་གི་འགན་འཛིན་དང་ཤེས་ཡོན་འགན་འཛིན། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་གསུམ། སྤྱི་ཟླ་༡༢པའི་ཚེས་༨ཉིན་བཞུགས་སྒར་ཕོ་བྲང་དུ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་ཅིང་། ཨེ་མོ་རིས་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ནས། ༧གོང་ས་མཆོག་གིས་“འཇིག་རྟེན་འདིར་འཐབ་རྩོད་འཁྲུག་ལོང་མང་པོ་ཞིག་བྱམས་བརྩེས་ཕོངས་ནས་ཆོས་ལུགས་དང་མི་རིགས་ཀྱི་འཐེན་འཁྱེར་སོགས་ཡོང་བཞིན་པ་དང་། མ་འོངས་པར་མིའི་འགྲོ་བ་འཚོ་གནས་ཡོང་ཐབས་སུ་རྒྱ་ཆེ་ཤོས་མི་གཅིག་གྱུར་གྱི་འདུ་ཤེས་དང་། རྟེན་འབྱུང་གི་ལྟ་བ་བཅས་གཞི་ལ་བཞག་སྟེ། སེམས་བཟང་པོ་ཡོང་ཐབས་དང་སྤྱོད་ལམ་ཇེ་བཟང་དུ་འགྲོ་དགོས་པ། དམིགས་བསལ་ཤེས་ཡོན་ལམ་སྲོལ་ནང་རྒྱ་གར་གནའ་རབས་ཀྱི་འཚེ་བ་མེད་པ་དང་བྱམས་བརྩེའི་ཉམས་ལེན་བཅུག་དགོས་”སྐོར་བཀའ་ཕེབས་པ་འགྲེལ་བརྗོད་གནང་གི་འདུག

ཨེ་མོ་རིས་གཙུག་ལག་སློབ་ཆེན་གྱི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་Gregory Louis Fenves་ལགས་ནས། ༧གོང་ས་མཆོག་ལ་མཇལ་ཏེ་དགའ་སྤོབས་ཆེན་པོ་བྱུང་བ་དང་། ཁོང་གིས་འགྲོ་བ་མི་ཀུན་ལཁྱབ་པའི་ཡོན་ཏན་གྱི་སྐོར་བཀའ་སྩལ་བ་དེ་ནི། འགྲོ་བ་མི་རྣམས་ཞི་བདེ་འཆམ་མཐུན་གྱིས་གནས་པའི་ཐབས་ལམ་ཡག་ཤོས་དེར་མཐོང་གི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ང་ཚོ་ལ་༧གོང་ས་མཆོག་གིས་འགྲོ་བ་མི་ཀུན་ཁྱབ་ཀྱི་ཡོན་ཏན་དང་བདེན་པའི་སྐོར་བཀའ་སྩལ་སོང་བ་དང་། དམིགས་བསལ་ང་ཚོ་ཨེ་མི་རིས་གཙུག་ལག་སློབ་ཆེན་ལ་གཞོན་སྐྱེས་ཚོར་ཤེས་ཡོན་སྤེལ་བའི་འགན་ཁུར་གྱི་ཆ་ཤས་གལ་ཆེན་ཡོད་པ་མ་ཟད། ཤེས་ཡོན་དེ་ནི་རང་ཉིད་རང་ལ་རྒྱུས་ལོན་གོ་རྟོགས་འཕེལ་བ་དང་འཛམ་གླིང་སྤྱི་ལ་ཤེས་རྟོགས་ཐུབ་པ། དད་མོས་དང་ཡིད་ཆེས་མི་འདྲ་བའི་མི་གཞན་ལའང་རྒྱུས་ལོན་བྱེད་ཐུབ་པ་སོགས་བྱུང་ན། དེ་ནི་འགྲོ་བ་མི་རྣམས་འཆམ་མཐུན་མཉམ་གནས་ཀྱི་ཐབས་ལམ་ཡག་ཤོས་ཡིན་པ་འགྲེལ་བརྗོད་གནང་གི་འདུག་ཅིང་། ཡང་གཙུག་ལག་སློབ་ཆེན་དེའི་ཤེས་ཡོན་འགན་འཛིན་Ravi V Bellamkondaལགས་ནས། ༧གོང་ས་མཆོག་དང་གཙུག་ལག་སློབ་གྲྭ་མཉམ་རུབ་ཀྱིས་འཛམ་གླིང་ཞི་བདེ་གོང་སྤེལ་དང་། མིའི་གཞི་མཐུན་གྱི་ཁྱད་ཆོས་འཚོལ་ཞིབ་ཀྱི་ཕྱག་ལས་དེ་ཧ་ཅང་གལ་གནད་ཆགས་ཀྱི་ཡོད་པས། ང་ཚོ་ལ་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་དེ་ཧ་ཅང་བསྐལ་བ་བཟང་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

ཨེ་མོ་རིས་གཙུག་ལག་སློབ་ཆེན་གྱིས་མིའི་སེམས་ལ་སློབ་གསོ་སྤེལ་རྒྱུར་ཆོད་སེམས་བརྟན་པོ་བཟུང་ཡོད་པ་དང་། ༧གོང་ས་མཆོག་ནས་ང་ཚོའི་སློབ་ཆེན་དུ་ཆ་ཤས་ལེན་གྱི་ཡོད་པར་ང་ཚོ་སྤོབས་པ་ཆེན་པོ་ཡོད་པ་མ་ཟད། ང་ཚོས་༧གོང་ས་མཆོག་དང་མཉམ་རུབ་ཀྱིས་འཛམ་གླིང་ཞི་བདེ་གོང་སྤེལ་དང་། འགྲོ་བ་མིའི་གཞི་མཐུན་གྱི་ཁྱད་ཆོས་འཚོལ་ཞིབ་ལ་གལ་གནད་ཆེན་པོ་ཆགས་ཡོད་པའི་ཕྱག་ལས་མདུན་བསྐྱོད་བྱེད་བཞིན་པ་བསྐལ་པ་བཟང་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག། ཨ་མི་རི་ཀའི་ཨེ་མོ་རེས་གཙུག་ལག་སློབ་ཆེན་དུ་༧གོང་ས་མཆོག་གིས་ཁྱད་དུ་འཕགས་པའི་གཙུག་ལག་སློབ་དཔོན་གྱི་མཚན་གནས་བཞེས་ཡོད་པ་མ་ཟད། ༧གོང་ས་མཆོག་གི་དགོངས་གཞི་དམིགས་བསལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཤེས་ཡོན་དང་འབྲེལ་བའི་སློབ་ཚན་བཟོ་རྒྱུ་དེ། ཨེ་མོ་རིས་གཙུག་ལག་སློབ་ཆེན་ལ་འགན་བཙུགས་ཏེ་བསླབ་གཞི་བཟོས་ནས་འཛམ་གླིང་གང་སར་ཁྱབ་ཆེར་འཕེལ་བཞིན་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎