༧གོང་ས་མཆོག་གིས་ཧྥ་རན་སིའི་མཁས་ལས་མི་སྣ་ཁག་ཅིག་དང་མཇལ་མོལ།

2018-11-29
གློག་འཕྲིན།
མཆན།
Share
པར་བཀོད།
བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་མཆོག་གིས་འཛམ་གླིང་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་སྐོར་གསུངས་བཤད་སྐབས། ༢༠༡༨།༡༡།༢༩
བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་མཆོག་གིས་འཛམ་གླིང་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་སྐོར་གསུངས་བཤད་སྐབས། ༢༠༡༨།༡༡།༢༩
RFA

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥ་རན་སིའི་མཁས་ལས་མི་སྣ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཕོ་བྲང་ནང་དུ་ཕྱི་ཟླ་༡༡ཚེས་༢༩་ཉིན། ཧྥ་རན་སི་ནས་ཡིན་པའི་མཁས་ལས་མི་སྣ་བཞི་བཅུ་ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་དང་། ཁོང་རྣམས་ནི་ཧྥ་རན་སི་ནང་རྟེན་གཞི་བྱས་པའི་ (Better we Better World ) ང་ཚོ་བཟང་ན།  འཛམ་གླིང་བཟང་ཞེས་པའི་ཚོགས་པས་གོ་སྒྲིག་གནང་བའི་ཉིན་བཞིའི་ཆོས་ནོར་མགྲོན་ཁང་དུ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་མཆོག་གིས་འཛམ་གླིང་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་སྐོར་གསུངས་བཤད་ཀྱི་ལས་རིམ་ལ་ཆེད་དུ་བཅར་བ་ཞིག་ཡིན་འདུག་ན། ཐེངས་འདིའི་མཇལ་ཁ་དང་འབྲེལ་བའི་སྐོར་སློབ་དཔོན་ཟམ་གདོང་རིན་པོ་མཆོག་གིས་གསུངས་དོན་ལ་ཁོང་རྣམས་འཛམ་གླིང་ནང་ཁོར་ཡུག་སྲུང་སྐྱོབ་དང་ཞི་བདེ་བསྐྲུན་ཐབས་གྱི་ལས་དོན་གནང་མཁན་ཤ་སྟག་རེད་ཅེས་གསུངས་གནང་སོང།
ཡང་སྐབས་དེར་མཇལ་ཁ་གྲུབ་མཚམས་གོ་སྒྲིག་པ་སྐུ་ཞབས་ཀུ་ཧཱ་ནུཡན་ལགས་ཀྱིས་༧གོང་ས་མཆོག་གི་མཇལ་ཁ་དང་འབྲེལ་བའི་སྐོར་ལ་གསུངས་སྐབས། མཇལ་དེ་དམིགས་བསལ་དང་ཁྱད་པར་ཅན་ཞིག་བྱུང་། མཁྱེན་གསལ་ལྟར་༧གོང་ས་སྐྱབས་མགོན་ཆེན་པོ་ནི་དགེ་རྒན་ཡག་ཤོས་ཤིག་རེད་དེ་ཙམ་དུ་མ་ཟད་ཧ་ལས་ཞལ་ཤོབ་ཚ་པོ་ཡིན་པས་ངོ་ཚོ་ཚང་མར་སེམས་ནང་སྤྲོ་སྣང་དཔག་མེད་སྐྱེད་བྱུང་བློ་བདེ་པོའི་ངང་སོ་སོའི་ལུང་པར་ལོག་རྒྱུ་ཡོད་པ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་འོག་ང་ཚོ་ཚང་མ་མཉམ་དུ་ལས་དོན་སྒྲུབ་རྒྱུའི་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་གསུང་གནང་བ་དང་། ༢༠༢༠ ལོར་རྒྱ་གར་ནང་ཞི་བདེ་དང་འགན་ཁུར་ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་ཞིག་གོ་སྒྲིག་ཞུ་འཆར་ཡོད་པ་ཡང་གསུངས་བྱུང་།

གསར་འགོད་པ་ཨྱོན་བསྟན་འཛིན།

མཆན། (0)
Share
དྲ་གནས་ཆ་ཚང༌།