༸གོང་ས་མཆོག་ནས་སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་ཁ་བསྩལ་བ།

2023.12.21
༸གོང་ས་མཆོག་ནས་སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་ཁ་བསྩལ་བ། ༸གོང་ས་མཆོག་གིས་སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་ཁ་སྩལ་བའི་སྐབས། ༢༠༢༣།༡༢།༢༡ ཉིན།
OHHDL

རྒྱ་གར་བྷི་ཧར་མངའ་སྡེའི་ནང་གི་གནས་མཆོག་རྡོ་རྗེ་གདན་དུ་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནཱི་ཏིཤ་ཀུ་མར་ལགས་ཀྱིས། སྤྱི་ཟླ་༡༢པའི་ཚེས་༢༡ཉིན་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ལ་མཇལ་ཁ་བཀའ་སློབ་ཞུས་ཡོད་ཅིང་། སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལགས་དང་ལྷན་བཅར་ཡོད་པ། བྷི་ཧར་མངའ་སྡེའི་ཞིང་ལས་བློན་ཆེན་ Kumar Sarvjeet ལགས་ནས། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ནས་རྒྱལ་ཁམས་ཞི་བདེ་དང་འབྱོར་ཕྱུག་རྒྱས་པའི་ཐུགས་སྨོན་གནང་ཡོད་པ་སོགས་འགྲེལ་བརྗོད་གནང་དོན། བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Nitish Kumarལགས་ནས། ༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་༸གོང་ས་མཆོག་བྷི་ཧར་ནང་བཞུགས་པ་འདིས། སྤྱིར་རྒྱ་གར་ནང་དང་སྒོས་སུ་བྷི་ཧར་མངའ་སྡེའི་ནང་རྐྱེན་ངན་བར་ཆད་མི་ཡོང་རྒྱུ་མ་ཟད། བློན་ཆེན་གང་ཉིད་དང་མངའ་སྡེའི་མི་མང་རྣམས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པ་དང་། འབྱོར་ཕྱུག་རྒྱས་པའི་ཐུགས་སྨོན་གནང་རོགས་ཀྱི་སྐྱབས་འཇུག་ཞུས་པར། ༸གོང་ས་མཆོག་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་མགོན་པོ་གང་ཉིད་ཀྱི་སྐུ་མཆེད་ལྟ་བུའི་འདུ་ཤེས་འཛིན་བཞིན་པ་དང་། འཛམ་གླིང་སྤྱི་དང་ཁྱད་པར་རྒྱ་གར་ནང་རྒྱལ་ཁམས་ཞི་བདེ་དང་འཚོ་བར་བདེ་སྐྱིད་ལྡན་པ། འབྱོར་ཕྱུག་རྒྱས་པ་སོགས་ཀྱི་ཐུགས་སྨོན་མཚམས་སྦྱོར་གནང་བ་འགྲེལ་བརྗོད་གནང་གི་འདུག་ཅིང་།

yxoFJTLA.jpeg

གཞན་ཡང་མངའ་སྡེའི་ཞིང་ལས་བློན་ཆེན་གྱིས་༸གོང་ས་མཆོག་ནི་འཛམ་གླིང་གི་ཞི་བདེའི་དེད་དཔོན་སྟེ་ཡུལ་གྲུ་གང་སར་གུས་བརྩི་ཆེན་པོ་གནང་ས་ཞིག་ཡིན་པས། མངའ་སྡེའི་བློན་ཆེན་འཆར་ཅན་ལྟར་བཅར་དོན་གཙོ་བོ་ནི་དེ་རེད་ཅེས་ཀྱང་འགྲེལ་བརྗོད་གནང་གི་འདུག

སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་ཏུ་༸གོང་ས་མཆོག་ཆིབས་སྒྱུར་གནང་ཡོད་པ་དང་། ནམ་རྒྱུན་༸གོང་ས་མཆོག་ཆིབས་སྒྱུར་སྐབས་མངའ་སྡེའི་བློན་ཆེན་ཆེད་བཅར་གནང་གི་ཡོད་པ་དང་མཚུངས། ང་ཚོ་༸གོང་ས་མཆོག་ལ་བཅར་དོན་ནི་༸གོང་ས་མཆོག་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཞིག་ཡིན་པ་དང་། ང་ཚོར་༸གོང་ས་མཆོག་གིས་རྟག་པར་ཞི་བདེ་བྱམས་བརྩེ་དང་འབྲེལ་བའི་ལམ་སྟོན་ཕེབས་ཀྱི་ཡོད་པས་བསོད་ནམས་ཆེན་པོ་ཚོར་གྱི་ཡོད་པ་དང་། ད་ལྟ་འཛམ་གླིང་གང་ས་ནས་༸གོང་ས་མཆོག་ལ་གུས་བརྩི་ཧ་ཅང་ཆེན་པོ་གནང་གི་ཡོད་པའི་མུར། གནས་མཆོག་འདིར་༸གོང་ས་མཆོག་གིས་འཛམ་གླིང་སྤྱི་དང་ཁྱད་པར་རྒྱ་གར་ནང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དང་སྤུན་ཟླའི་འདུ་ཤེས་གོང་སྤེལ་གནང་གི་ཡོད་པར་བརྟེན། མངའ་སྡེའི་བློན་ཆེན་མཆོག་བཅར་དོན་གྱི་གཙོ་བོའང་དེ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་སྤྱི་ཟླ་༡༢པའི་ཚེས་༢༣ཉིན་རྒྱལ་སྤྱིའི་དགེ་འདུན་པའི་ལྷན་ཚོགས་ཀྱི་ཚོགས་བཅར་པ་ཚོའི་དབུ་འཁྲིད་གནང་སྟེ། གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་པོའི་མདུན་འཛམ་གླིང་ཞི་བདེ་ཡོང་བའི་ཐུགས་སྨོན་གནང་རྒྱུ་དང་། སྤྱི་ཚེས་༢༩ནས་༣༡བར་ཆོས་དབྱིངས་བསྟོད་པ་དང་འཇམ་པའི་དབྱངས་ཀྱི་རྗེས་གནང་སོགས་སྩལ་གཏན་ཁེལ་ཡོད་པ་རེད།

གསར་འགོད་པ། བློ་བྷེ།   
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨའོསི་ཊརེ་ལི་ཡའི་སྲིད་བློན་གྱིས་རྒྱ་ནག་གི་སྲིད་བློན་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་གནད་དོན་ཁག་ཅིག་སྐོར་གླེང་སློང་གནང་རྒྱུ་ཡིན་པ་གསུངས་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎