༸གོང་ས་མཆོག་གིས་ཀོང་གྷོ་རྒྱལ་ཁབ་ཀྱི་བོད་བརྒྱུད་ནང་པའི་རྗེས་འཇུག་པ་ ༡༠ ལ་ལྗགས་ལུང་དང་མཇལ་ཁ་བསྩལ་བ།

2024.02.07
༸གོང་ས་མཆོག་གིས་ཀོང་གྷོ་རྒྱལ་ཁབ་ཀྱི་བོད་བརྒྱུད་ནང་པའི་རྗེས་འཇུག་པ་ ༡༠ ལ་ལྗགས་ལུང་དང་མཇལ་ཁ་བསྩལ་བ། ༸གོང་ས་མཆོག་གིས་ཀོང་གྷོ་རྒྱལ་ཁབ་ཀྱི་བོད་བརྒྱུད་ནང་པའི་རྗེས་འཇུག་པ་རྣམས་ལ་མཇལ་ཁ་སྩལ་བའི་སྐབས། ༢༠༢༤།༠༢།༠༧ ཉིན།
OHHDL

ལོ་རྒྱུས་ཀྱི་ཐོག་ནས་ནང་པའི་ཆོས་ཀྱི་རྗེས་འཇུག་ཧ་ཅང་དཀོན་པའི་གླིང་ཆེན་ཨ་ཧྥི་རི་ཀའི་ནང་དུ། ཉེ་རབས་ནས་བཟུང་འཕགས་པ་གནས་བརྟན་པའི་ཆོས་རྒྱུད་དང་རྒྱ་ནག་གི་ནང་བསྟན་སོགས་གང་འཚམས་དར་བཞིན་པ་དང་མཚུངས་སུ། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པའང་གང་འཚམས་འབྱུང་གི་ཡོད་པ་ལས། ཨ་ཧྥི་རི་ཀའི་ཀོང་གྷོ་རྒྱལ་ཁབ་ནང་གི་དཔལ་༸རྒྱལ་དབང་༸ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་། ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གི་རྗེས་འཇུག་སློབ་མ་དང་ཨ་ཀོང་རིན་པོ་ཆེའི་ཆོས་ཚོགས་ནས་ཡིན་པ། བོད་བརྒྱུད་ནང་ཆོས་ཉམས་ལེན་གནང་མཁན་གྱི་ཀོང་གྷོ་རྒྱལ་ཁབ་ནང་གི་མི་སྐྱ་ཕོ་མོ་བཅུ་ཐམ་པར། སྤྱི་ཟླ་ ༢ པའི་ཚེས་ ༧ ཉིན་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་མཇལ་ཁ་གནང་སྟེ། སྤྱན་རས་གཟིགས་དང་རྗེ་བཙུན་འཇམ་པའི་དབྱངས། སྐྱབས་འགྲོའི་ལྗགས་ལུང་བཅས་སྩལ་ཡོད་པ་དང་། ཨ་ཧྥི་རི་ཀའི་མི་རིགས་མི་སྐྱ་ཕོ་མོ་བཅུ་བོ་དེའི་འགོ་ཁྲིད། སྐུ་ཞབས་ Francis Kabwe ལགས་ནས་༸གོང་ས་མཆོག་ནི་ཁོང་ཚོའི་དད་པ་གནང་སའི་བོད་བརྒྱུད་ནང་པ་ཡོངས་ཀྱི་དབུ་ཁྲིད་ཡིན་པས། ཁོང་ལ་མཇལ་ཏེ་བསམ་བརྗོད་འདས་པའི་དགའ་ཚོར་དང་དགའ་ངུས་ཤོར་བ་འགྲེལ་བརྗོད་གནང་དོན། 

MFqAiezD.jpeg

ང་ཚོ་བསམ་བརྗོད་ལས་འདས་པའི་དགའ་ཚོར་བྱུང་བ་དང་འདི་གར་ཡོང་དོན་ནི། སོ་སོའི་བླ་མའི་རྗེས་སུ་མ་ཞུགས་པ་དང་བླ་མའི་བྱིན་རླབས་སྙིང་ལ་མ་ཞུགས་པར་ནང་ཆོས་ལ་སློབ་གཉེར་གནང་རྒྱུ་དེ་འདྲའི་ལས་སླ་བོ་མིན་པ་མ་ཟད། ༸གོང་ས་མཆོག་ནི་བོད་ཀྱི་ནང་བའི་ཆོས་བརྒྱུད་ཀྱི་དབུ་ཁྲིད་པའི་རྒྱུ་མཚན་གྱིས། ང་ཚོས་ཁོང་གི་རྩ་ནས་བྱིན་རླབས་ཞུས་ཏེ་ཁོང་གི་རྗེས་སུ་སློབ་པའི་བསོད་ནམས་ཀྱི་ཚོགས་རྫོགས་ཆེད་ཡོང་བ་དང་། ད་ནི་ང་ཚོས་ཐབས་ཤེས་ཡོད་ཚད་ཀྱི་ལམ་ནས་འབད་བརྩོན་བྱས་ཏེ་ཆོ་ག་འདོན་པ་དང་སྒོམ་བརྒྱག་པ་ཙམ་མིན་པར། མི་བཟང་པོ་ཞིག་དང་ཞི་བདེ་བསྐྲུན་མཁན་ཞིག་བྱ་འདོད་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ཁོ་ཚོ་ལས་བུད་མེད་བོད་བརྒྱུད་ནང་ཆོས་ཀྱི་རྗེས་འཇུག་པ་ཀརྨ་ཆོས་ལྡན་མཚོ་མོ་ལགས་ནས་འགྲེལ་བརྗོད་གནང་དོན། མོ་རང་༸གོང་ས་མཆོག་ལ་ཐོག་མར་མཇལ་སྐབས་འདིའི་ཚོར་བ་ནི་བསམ་བློའི་ནང་འཆར་མ་མྱོང་བ་དང་། མིང་དང་ཚིག་གི་ལམ་ནས་འགྲེལ་བརྗོད་བྱ་མི་ཤེས་པའི་དགའ་སྣང་ཞིག་ཡིན་པའི་མུར། སོ་སོའི་སྣང་ངོ་ལ་སྟོན་པ་སངས་རྒྱས་ཐུགས་རྗེ་ཅན་དངོས་སུ་མཇལ་བའི་ཡིད་ཆེས་ཤིག་གིས་ཁེངས་སོང་ཞེས་འགྲེལ་བརྗོད་གནང་གི་འདུག

ཀོང་གྷོ་རྒྱལ་ཁབ་ཀྱི་ནང་ཐེ་ལཎྜིའི་གནས་བརྟན་སྡེ་བའི་ལུགས་ཀྱི་ནང་ཆོས་ཉམས་ལེན་པ་དང་། ཉི་ཧོང་གི་ནང་ཆོས་ཉམས་ལེན་གྱི་ཆོས་ཚོགས་གང་འཚམས་རེ་ཡོད་ནའང་། བོད་རྒྱུད་ནང་པའི་རྗེས་འཇུག་དེ་སྔ་ཧ་ལམ་མེད་པ་དང་། ད་ཆ་ཁོ་ཚོའི་ཆོས་ཚོགས་ལ་མི་འབོར་སུམ་སྟོང་ལྷག་ཤོང་བའི་དགོན་སྡེ་གསར་རྒྱག་གི་འཆར་གཞི་འདིང་བཞིན་པ་མ་ཟད། ཕྲུག་གུ་ལོ་ཆུང་ལྔ་བལ་ཡུལ་ནང་ཁྲ་འགུ་རིན་པོ་ཆེའི་དགོན་པར་སློབ་གཉེར་དུ་མངགས་པ་ཚུར་འཁོར་འཚམས་ནང་ཆོས་དགེ་རྒན་གནང་འཆར་དང་། སོ་སོ་ཐོག་མར་ཡེ་ཤུའི་ཆོས་ཀྱི་རྗེས་འཇུག་པ་ཡིན་ནའང་། སེམས་ནང་དྲི་བ་མང་པོ་སླེབས་ཏེ་ནང་ཆོས་ལ་ཞུགས་པ་ཡིན་ལུགས་ Francis Kabwe ལགས་ནས་འགྲེལ་བརྗོད་གནང་དོན། 

སོ་སོར་མི་ཚེའི་ནང་སྡུག་བསྔལ་མང་པོར་འཕྲད་སྐབས་སེམས་ནང་དྲི་བ་སྣ་ཚོགས་ཤིག་ཡོང་གི་འདུག་སྟེ། ཆོས་ལུགས་གཞན་དག་མང་པོ་ལས་དྲིས་ལན་མི་བརྙེད་ནའང་། ནང་པའི་ཆོས་ཀྱི་ནང་ལན་འདེབས་ཧ་ཅང་མང་པོ་འདུག་པས་ད་ཆ་ང་རང་གི་དྲི་བ་ཚང་མ་ཧ་ལམ་རྫོགས་སོང་ལ། ང་ཚོ་ནང་ཆོས་ཀྱི་རྗེས་སུ་ཞུགས་པར་ཧ་ཅང་དགའ་མགུ་ཡི་རངས་དང་། རིམ་པས་ག་ལེར་ནང་ཆོས་ཀྱི་ཤེས་རབ་དང་སྙིང་རྗེ་ཉམས་ལེན་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

སྤྱིར་བཏང་ཨ་ཧྥི་རི་ཀའི་གླིང་ཆེན་དུ་མི་འབོར་སུམ་འབུམ་བརྒྱད་ཁྲི་ལྷག་ནང་པའི་ཆོས་ཀྱི་འཇུག་པ་ཡིན་པ་ལས། ཐེ་ལཎྜི་དང་ཉི་ཧོང་། སིང་ག་ལ་དང་ཝི་ཏི་ནམ་སོགས་ཀྱི་ནང་ཆོས་དར་བའི་ཡུལ་གྲུ་མང་པོ་ཡོད་པར་ཁར། ལྷག་པར་རྒྱ་རིགས་ཚོང་པ་དང་ལས་མི་སོགས་མང་པོ་གནས་སྡོད་ཀྱི་ཡུལ་ཁག་ནང་། རྒྱ་བརྒྱུད་ནང་བསྟན་དར་ཁྱབ་ཆེན་པོ་འབྱུང་གི་ཡོད་པ་དང་། བོད་བརྒྱུད་ནང་བསྟན་དར་བའི་ཀོང་གྷོ་རྒྱལ་ཁབ་ཀྱི་ནང་མི་གྲངས་ ༢༨༣ ནང་ཆོས་ཀྱི་རྗེས་སུ་འཇུག་གི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།    
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་བལ་ཡུལ་ནང་སེར་སྐྱ་མི་མང་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་བཀྲིན་བསྐྱངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་པོ་སྟོད་ཁུལ་གྱི་དགེ་འདུན་པ་དང་མང་ཚོགས་འཛིན་བཟུང་བྱས་པ་ཁག་ལ་འདྲི་རྩད་བྱེད་འགོ་བཙུགས་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎