སྤྱི་ནོར་༧གོང་ས་མཆོག་གིས་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་དུ་གནས་གཟིགས་མཛད་འདུག

2023.01.19
Share on WhatsApp
Share on WhatsApp
སྤྱི་ནོར་༧གོང་ས་མཆོག་གིས་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་དུ་གནས་གཟིགས་མཛད་འདུག སྤྱི་ནོར་༧གོང་ས་མཆོག་གིས་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་དུ་གནས་གཟིགས་མཛད་སྐབས། ༠༡།༡༩།༢༠༢༣
OHHDL

འདི་ཚེས་༡༩ཉིན་གྱི་སྔ་དྲོར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཕགས་ཡུལ་གྱི་ནང་པའི་གནས་མཆོག་རྡོ་རྗེ་གདན་གྱི་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་རྣམ་རྒྱལ་གྲྭ་ཚང་གི་ཕོ་བྲང་ནས་བྱང་ཆུབ་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་སུ་ཕེབས་ཡོད་པ་དང་། སྐབས་དེར་ས་གནས་དགོན་པའི་ཚོགས་པ་དང་བྱང་ཆུབ་མཆོད་རྟེན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ། ཚོགས་མི་དེ་བཞིན་ཕྱི་ནང་གི་དད་ལྡན་པ་བརྒྱ་ཕྲག་མང་པོས་ཕེབས་ལམ་གྱི་གཡས་གཡོན་ལག་ཏུ་མེ་ཏོག་དང་མཇལ་དར་སོགས་བཟུང་ནས་ཕེབས་བསུ་དང་རྒྱང་མཇལ་ཞུས་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་མཆོད་རྟེན་ཆེན་མོའི་ནང་གནས་གཟིགས་དང་། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་གྱི་དྲུང་དུ་རྟེན་འབྲེལ་བསྟོད་པ་དང་། ཤེས་རབ་སྙིང་པོ་དེ་བཞིན་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་། ཐུགས་སྨོན་མཛད་ཡོད་པ་མ་ཟད། བྱང་ཆུབ་མཆོད་རྟེན་གྱི་རྒྱབ་ངོས་སུ་ཡོད་པའི་བྱང་ཆུབ་ལྗོན་ཤིང་གི་འོག་དུ་གསར་བཞེངས་གནང་པའི་རྒྱལ་བ་བྱམས་པ་མགོན་པོའི་སྐུ་བརྙན་ལ་རབ་གནས་དང་ཐུགས་སྨོན་མཛད་ཡོད་པ་རེད།
སྐབས་དེར་༧གོང་ས་མཆོག་གི་ཕེབས་ལམ་དུ་རྒྱང་མཇལ་ཞུ་མཁན་སྦ་ར་ཛིལ་ནས་ཡིན་པའི་གྲོག་ལཱས་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སེམས་ཚོར་བཅར་འདྲི་ཞུས་སྐབས། ཁོང་གིས། དེ་རིང་ཞོགས་པར་ང་ཚོས་༧གོང་ས་མཆོག་མཇལ་ནས་ཧ་ཅང་དགའ་ཚོར་བྱུང་། ཁོང་ནི་ཉི་མ་ལྟ་བུ་རེད། ཁོང་གིས་སྐྱེ་འགྲོ་ཐམས་ཅད་ལ་ཆོས་གསུང་གི་རེད། ཁོང་མཇལ་བ་ཙམ་གྱི་སེམས་ནང་ཞི་བདེ་དང་སེམས་ཀྱི་དཀའ་ངལ་ཚང་མ་མེད་པ་ཆགས་ཀྱི་འདུག ང་རང་ད་རེས་འདི་གར་སླེབས་ནས་ཁོང་གི་གསུངས་ཆོས་ཞུས་པ་རྣམས་སོ་སོའི་ཉིན་རེའི་འཚོ་བའི་ནང་ལག་ལེན་བསྟར་ཐུབ་པ་བྱེད་ཀྱི་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

Pilgrimage the Mahabodhi Temple to Conclude Bodhgaya Visit  (2).jpg

ཡང་ལ་དྭགས་ནས་ཕེབས་པའི་ཀརྨ་ཚེ་རིང་ལགས་ནས། ང་རང་༧གོང་ས་མཆོག་མཇལ་བ་ཙམ་གྱིས་སེམས་པ་ཧ་ཅང་སྐྱིད་པོ་དང་ལྷ་ཡུལ་ལ་སླེབས་པ་འདྲ་པོ་ཚོར་སྣང་ཡོང་གི་འདུག ཁོང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་དང་སླར་ཡང་ཁོང་གི་མཇལ་ཁ་ཐོབ་པའི་འབད་བརྩོན་ཞུ་གི་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་ཨི་ཊ་ལི་ནས་ཕེབས་པའི་ཀི་རིས་ཊི་ན་ལགས་ཀྱིས། ང་རང་ལོ་ལྟར་གནས་མཆོག་རྡོ་རྗེ་གདན་ལ་ཡོང་ནས་༧གོང་ས་མཆོག་གིས་བསྩལ་བའི་གསུང་ཆོས་རྣམས་དོན་དངོས་ཐོག་ལག་ལེན་གནང་ཐབས་བྱེད་ཀྱི་ཡོད། ཁོང་མཇལ་པ་ཙམ་གྱིས་སེམས་ནང་ནུས་ཤུགས་དམིགས་བསལ་ཞིག་ཐོབ་ཀྱི་འདུག་གསུང་བྱུང་།
སྤྱི་ནོར་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་༢༠༢༢ཟླ་༡༢ཚེས་༢༢ནས་འདི་ལོའི་ཟླ་བ་དང་པོའི་ཚེས་༢༠བར་ཁྱོན་ཟླ་བ་གཅིག་ཙམ་གྱི་རིང་ཆོས་འབྲེལ་དང་མཛད་འཕྲིན་འདྲ་མིན་བསྐྱངས་བ་ལེགས་འགྲུབ་ཀྱིས་ཕྱི་ཚེས་༢༠ཉིན་གྱི་སྔ་དྲོར། གནས་མཆོག་རྡོ་རྗེ་གདན་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཆིབས་བསྒྱུར་གནང་རྒྱུ་དང་དེ་ནས་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག།


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱི་མངའ་སྡེའི་དཔོན་རིགས་ཚོར་བོད་མིའི་དཀའ་ངལ་སྐོར་སྙན་སེང་ཞུས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་གྱི་(Oxford Union)་གླེང་སྟེགས་ཐོག་བོད་དོན་གཏམ་བཤད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎