དེང་གི་འཛམ་གླིང་འདིར་བྱམས་བརྩེ་དང་འཚེ་མེད་དགོས་གལ་ཆེ། ༧གོང་ས་མཆོག་གིས།

2020-01-14
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་(IIM BG)་འམ་རྒྱ་གར་གྱི་འཛིན་སྐྱོང་སྦྱོང་བརྡར་ལྟེ་གནས་ཁང་དུ། ༢༠༢༠།༡།༡༤
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་(IIM BG)་འམ་རྒྱ་གར་གྱི་འཛིན་སྐྱོང་སྦྱོང་བརྡར་ལྟེ་གནས་ཁང་དུ། ༢༠༢༠།༡།༡༤
OHHDL

རྒྱ་གར་གྱི་གནའ་བོའི་ཤེས་ཡོན་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བ་དེ་དེང་དུས་ཀྱི་འཛམ་གླིང་འདིར་དགོས་གལ་ཆེན་པོ་ཡིན་པ་༧གོང་ས་མཆོག་གིས་རྒྱ་གར་གྱི་དགེ་ལས་སློབ་ཕྲུག་མང་པོར་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་(IIM BG)་འམ་རྒྱ་གར་གྱི་འཛིན་སྐྱོང་སྦྱོང་བརྡར་ལྟེ་གནས་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༡༤་ཉིན་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམས་ལ་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་སྐབས། དེང་གི་འཛམ་གླིང་ནང་མི་གསོད་ཁྲག་སྦྱོར་སོགས་མིས་བཟོས་པའི་གནས་ཚུལ་ཐབས་སྐྱོ་བོ་མང་པོ་ཞིག་ཡོང་བཞིན་པའི་སྐབས་འདིར། ཚང་མས་ཞི་བདེ་འདོད་ཀྱི་ཡོད་ཀྱང་ཁ་ནས་ཞི་བདེ་བཤད་པ་ཙམ་གྱིས་ཡོང་ཐབས་མེད་པ་དང་། ཞི་བདེའི་ཆེད་དོན་དམ་དཀའ་ལས་རྒྱག་དགོས་པ་ནི་གནས་ལུག་ཞིག་རེད། དེ་ནི་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་བྱམས་སྙིང་རྗེ་དང་། འཚེ་མེད་ཞི་བ་ཟེར་བ་དེ་དེང་ཀྱི་འཛམ་གླིང་འདི་ལ་དགོས་གལ་ཆེན་པོ་ཆགས་ཡོད། རྒྱ་གར་གྱི་དཔལ་ནཱ་ལེན་དྲའི་ལུགས་ཀྱི་ནང་ནང་སེམས་ཀྱི་ཁོང་ཁྲོ་དང་ང་རྒྱལ་དེ་དག་རྒྱུ་མཚན་དང་བརྟག་དཔྱད་ཀྱི་ལམ་ནས་མེད་པ་བཟོ་རྒྱུ་དང་། བྱམས་སྙིང་རྗེ་དང་གཞན་ཕན་གྱི་བློ་གོང་མཐོར་གཏོང་རྒྱུའི་ཐོག་ལ་རྒྱ་ཆེ་བ་གསུང་ཡོད་པ་དེ་ཚོ་རྒྱ་གར་ནང་སླར་གསོ་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། རྒྱ་གར་ལ་དེང་གི་འཛམ་གླིང་འདིར་དེང་དུས་ཤེས་ཡོན་དང་བྱམས་སྙིང་རྗེ་ཟུང་དུ་འབྲེལ་བའི་ཤེས་ཡོན་གྱི་ལེགས་སྐྱེས་ཆེན་པོ་ཕུལ་ཐུབ་པའི་ནུས་པ་ཡོད་དུས་འཛམ་གླིང་ལ་འབྲེལ་བ་ཆེན་པོ་ཆགས་ཡོད་ཅེས་བཀའ་སྩལ་གནང་སོང་།
ད་དུང་༧གོང་ས་མཆོག་གིས། བོད་བརྒྱུད་ནང་ཆོས་འདི་རྒྱ་གར་གྱི་དཔལ་ནཱ་ལེན་དྲའི་མཁས་པ་མཁན་ཆེན་ཞི་བ་ཚོས་སྲོལ་གཏོད་པ་ཞིག་ཡིན་ཅིང་། བོད་དེ་རྒྱ་ནག་གཞུང་གིས་དབང་བསྒྱུར་བྱས་པའི་རྗེས་ལ་རྒྱ་ནག་གི་འགོ་ཁྲིད་ལྟ་བ་མཁྲེགས་འཛིན་མཁན་ཁག་ཅིག་གིས་ནང་ཆོས་ལ་སློབ་གཉེར་བྱེད་རྒྱུ་དམ་དྲག་བྱེད་བཞིན་ཡོད་ཀྱང་། བཙན་བྱོལ་ནང་བོད་མི་ཉུང་ཤས་ལས་མེད་རུང་དགེ་འདུན་པ་ཁྲི་ལྷག་ཙམ་ཞིག་ནས་དཔལ་ནཱ་ལེན་དྲའི་ཆོས་བརྒྱུད་དེའི་ཐོག་ལ་ལོ་ཉི་ཤུ་ལྷག་སློབ་གཉེར་ཐོག་སྐུ་ལས་བསྐྱོན་ནས་ལོ་སྟོང་ཕྲག་འགའ་ཤས་སྔོན་གྱི་ཆོས་དེ་བདག་ཉར་བྱེད་ཐུབ་པ་བྱུང་ཡོད་ཅེས་བཀའ་གནང་སོང་།
བཀའ་སློབ་རྗེས་དགེ་ལས་སློབ་ཕྲུག་ཚོས་༧གོང་ས་སྐྱབས་མགོན་མཆོག་ལ་བཀའ་འདྲི་མང་པོ་ཞུས་བའི་ཁོངས་ནས་དགེ་རྒན་ཞིག་གིས། དེང་སང་ཚང་མས་འཛུགས་བསྐྲུན་ཡར་རྒྱས་དཔལ་འབྱོར་ལ་དམིགས་ཀྱི་ཡོད་པའི་སྐབས་འདིར། མ་འོངས་ཕུགས་རྒྱང་རིང་པོར་མི་རབས་རྗེས་མ་ཚོར་རྩིས་སྤྲོད་བྱེད་ཐུབ་པའི་ལས་གཞི་གང་འདྲ་ཞིག་གི་ཐོག་བསམ་བློ་གཏོང་འོས་མིན་བཀའ་འདྲི་ཞུས་པའི་བཀའ་ལན་དུ། རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་དགོས་པ་གལ་ཆེན་པོ་ཡིན་ཡང་། ཕྱོགས་གཞན་ཞིག་ཁོར་ཡུག་དང་སྣོད་བཅུད་ལ་བསམ་བློ་མ་བཏང་བར་ལས་གཞི་སྤེལ་བ་ཡིན་ཚེ་ཉེན་ཚབས་ཆེན་པོ་རེད། དེ་བས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོག་ལ་དོ་སྣང་བྱེད་དགོས་པ་འདི་གལ་ཆེན་པོ་རེད། ངས་ནམ་རྒྱུན་དུ་བཤད་བསྡད་ཀྱི་ཡོད་བོད་དེ་འཛམ་གླིང་གི་ཆུ་སྒོ་ལྟ་བུ་ཆགས་ཡོད་སྟབས། རྒྱ་གར་གཙོ་བོར་བྱས་པའི་མི་ཐེར་འབུམ་མང་པོའི་འཚོ་བ་དང་འབྲེལ་བས་ཁོར་ཡུག་སྲུང་སྐྱོབ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད་ཅེས་གསུངས་སོང་།
ཡང་སྐབས་དེར་འཛིན་སྐྱོང་ལྟེ་གནས་ཁང་གི་འགན་འཛིན་(Dr. Vinita Sahay)་ལགས་ཀྱི་ལྟེ་གནས་ཁང་དེའི་ནང་དྲན་པ་ཉེར་བཞག་གི་སྡེ་ཚན་ཞིག་འཛུགས་འཆར་ཡོད་པས་དེའི་ཐད་༧གོང་ས་མཆོག་གིས་ལམ་སྟོན་དང་རོགས་སྐྱོར་ཡོང་བའི་གསོལ་འདེབས་ཞུས་པར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འཆར་གཞི་དེ་ཡག་པོ་འདུག་དེའི་ཐད་ང་ཚོས་དགེ་རྒན་གྱི་མཐུན་འགྱུར་སྦྱར་ཆོག འདི་ང་ཚོའི་ལས་འགན་རེད་། ང་ཚོས་སྦྱང་པའི་ཤེས་ཡོན་དེ་དག་ཚང་མ་རྒྱ་གར་གྱི་སྔོན་གྱི་སློབ་དཔོན་མཁས་བ་ཚོའི་མདུན་ནས་སྦྱང་པ་རེད། དེ་སོང་ཙང་ཤེས་ཡོན་དེ་དག་ཚང་མ་རྒྱ་གར་ན་གཞོན་ལ་རྩིས་སྤྲོད་བྱེད་རྒྱུ་དེ་ང་ཚོའི་བཟང་སྤྱོད་ཀྱི་འགན་ཞིག་རེད་ཅེས་བཀའ་སྩལ་སོང་།

མཆན། (0)
Share
དྲ་གནས་ཆ་ཚང༌།