མི་འབུམ་ཚོ་བརྒལ་བས་༧གོང་ས་མཆོག་གི་གྱ་སྟོན་ལ་རྟེན་འབྲེལ་ཞུས།


2015.06.29
Share on WhatsApp
Share on WhatsApp
༧གོང་ས་མཆོག་དབྱིན་ཡུལ་གྱི་Glastonburyརོལ་དབྱངས་འདུ་འཛོམས་སྟེང་། ༢༠༡༥།༦།༢༨ ༧གོང་ས་མཆོག་དབྱིན་ཡུལ་གྱི་Glastonburyརོལ་དབྱངས་འདུ་འཛོམས་སྟེང་། ༢༠༡༥།༦།༢༨
dalailama.com

༧གོང་ས་མཆོག་གིས་དབྱིན་ཡུལ་གྱི་རོལ་དབྱངས་འདུ་འཛོམས་སྟེང་མི་གྲངས་འབུམ་ཚོ་བརྒལ་བར་བཀའ་སློབ་གནང་འདུག
དེ་ཡང་དབྱིན་ཡུལ་ནང་Glastonburyརོལ་དབྱངས་དུས་སྟོན་གོ་བསྒྲིགས་ཞུ་མི་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཕྱི་ཚེས་༢༨་ཉིན་དབྱིན་ཡུལ་ནང་ཚོགས་པའི་Glastonburyརོལ་དབྱངས་དུས་ཆེན་ཐོག་ཐེངས་དང་པོར་ཆིབས་བསྒྱུར་བསྐྱངས་གནང་མཛད་སྐབས་འཛམ་གླིང་ཞི་བདེ་དང་། བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་ཇི་འདྲ་བཟོ་དགོས་སྐོར་ཕྱག་ཚོད་གཅིག་ཙམ་རིང་བཀའ་སློབ་གནང་ཡོད་པ་དང་། ཐོག་མར་༧གོང་ས་མཆོག་གིས་བཀའ་སྩལ་བའི་ནང་། དེར་མི་མང་འབུམ་གཅིག་ལྷག་འདུ་འཛོམས་བྱུང་བ་རྣམས་ཀྱིས་༧མགོན་པོ་གང་ཉིད་ལ་སྤྲོ་སེམས་འཁོལ་བ་དང་མཛའ་བརྩེ་ཆེན་པོའི་ངང་ནས་གུས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ༧གོང་ས་མཆོག་ནས་མི་གཞན་གྱི་བདེ་དོན་ཆེད་ལུས་ངག་ཡིད་གསུམ་བློས་གཏོང་གནང་གི་ཡོད་སྐོར་སོགས་བཀའ་གནང་མ་ཟད། དེང་སྐབས་ལོ་ཆུང་བྱིས་པ་ཚོར་ཤེས་ཡོན་སྤྲོད་སྟངས་ལ་འགྱུར་བ་བཏང་སྟེ་སྔོན་འགྲོའི་སློབ་གྲ་ནས་གཙུག་ལག་སློབ་ཆེན་མོའི་བར་ཕྲུ་གུ་ཚོར་ཡ་རབས་བཟང་སྤྱོད་དང་ལྡན་པའི་ཤེས་ཡོན་ཆ་ཚང་བ་སྤྲད་ནས་གཅེས་སྐྱོང་གི་ཚོར་བ་སྐྱེས་སུ་བཅུགས་ཏེ་འགྲོ་བ་མིའི་རིགས་ལ་བྱམས་བརྩེ་དར་འཕེལ་གཏོང་དགོས་པའི་བཀའ་སྩལ་བ་དང་། ཡང་མི་ཚང་མར་བདེ་བ་འདོད་པའི་ཐོབ་ཐང་འདྲ་མཉམ་ཡོད་སྐོར་བཀའ་གནང་འདུག
མི་ཚོགས་ཁྲོད་འཛམ་གླིང་གི་ཡུལ་གྲུ་གང་སའི་མི་ཡོད་པ་དང་། གཟིགས་མོ་བ་ཞིག་གིས། ངས་མཚན་ཆུ་ཚོད་༢ནས་རླངས་འཁོར་བཏང་ནས་ཡོང་བ་ཡིན། ང་ལ་ཁོང་གི་བཀའ་སློབ་ཉན་པར་རེ་རྔམས་ཧ་ཅང་ཆེན་པོ་འདུག་ཅེས་དང་། ཡང་གཞན་ཞིག་གིས། ངས་ཏཱ་ལའི་བླ་མ་བླ་སྔོན་མ་རྒྱང་མཇལ་བྱས་མྱོང་། ད་རེས་འཛིན་བྱང་འདི་ཧ་ཅང་གོང་ཆེན་རེད་མོད། ང་ཁོང་གི་བཀའ་སློབ་ཉན་རྒྱུར་ཧ་ཅང་རྔམས་ཀྱི་འདུག ཁོང་ནི་ཧ་ཅང་ཞི་བདེ་དང་བྱམས་བརྩེའི་བདག་ཉིད་རེད་ཅེས་བརྗོད་འདུག
ཨ་རིའི་གླུ་པ་གྲགས་ཅན་ལྕམ་Patty Smithདང་། ཁོང་གི་རོལ་དབྱངས་ཚོགས་པས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩིའི་ཆེད་birthday Cakeམངར་་ཟས་འདེགས་འབུལ་ཞུ་སྐབས་དུས་ཆེན་དེར་འཛོམས་པའི་མི་མང་འབུམ་གཅིག་ལྷག་ཡོངས་ཀྱིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་གླུ་དབྱངས་ཕུལ་འདུག་ལ་༧གོང་ས་མཆོག་Glastonburyརོལ་དབྱངས་དུས་ཆེན་ཐོག་ཆིབས་བསྒྱུར་བསྐྱངས་གནང་དང་བཀའ་སློབ་སྩལ་བའི་བརྙན་པར་ཁག་BBC བརྙན་འཕྲིན་ནང་བཏང་ཡོད་པ་རེད། དེ་རིང་ཚེས༢༩ཉིན་༧གོང་ས་མཆོག་གིས་དབྱིན་ཡུལ་ལྷོ་ཕྱོགས་གྲོང་ཁྱེར་Albershotནང་གི་བལ་པོ་མང་བའི་ནང་པའི་ཆོས་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུའི་འཆར་ཡོད་པ་རེད།
དེ་བཞིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༧་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་གྱི་Aldershot Town Foodball Clubཞེས་པའི་རྐང་རྩེད་པོ་ལོའི་རུ་ཁག་ཡོད་སའི་མི་མང་འདུ་འཛོམས་ཀྱི་སར་ནང་ཆོས་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་ཡོད་པ་དང་། ཁུལ་དེར་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བས་༧གོང་ས་མཆོག་ལ་ངོ་རྒོལ་ཞུ་བའི་ལས་འགུལ་སྤེལ་བཞིན་ཡོད་པར་བརྟེན། དེ་ཁུལ་དུ་གནས་པའི་དབྱིན་ཇིའི་ནང་ཆོས་ཚོགས་པ་བཅུ་ཙམ་ཞིག་གིས་མཉམ་རུབ་ཀྱི་སྒོ་ནས་སྙན་ཞུ་ཞིག་ཀྱང་ཕུལ་ཏེ་དེ་ཁུལ་དུ་ཡོད་པའི་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའི་མི་གྲངས་༥༠༠་ཙམ་གྱིས་གང་བྱུང་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ངན་པ་སྤེལ་ནས་༧གོང་ས་མཆོག་ལ་གཞི་རྩ་ཁུངས་ལུངས་མེད་པའི་སྐྱོན་བརྗོད་དང་མཚན་དམས་ཞུས་ནས་མི་མང་རྣམས་ལམ་ལོག་པར་ཁྲིད་པའི་བྱ་སྤྱོད་ལ་སྐྱོན་འཛུགས་བྱས་པའི་ཞུ་ཡིག་ཅིག་དམངས་ཁྲོད་དུ་འགྲེམས་སྤེལ་བྱས་ཡོད་པ་རེད།
དབྱིན་ཡུལ་དུ་གནས་འཁོད་དབྱིན་ཇིའི་ནང་ཆོས་ཚོགས་པ་དང་ཚོགས་མི་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་ཡོད་པའི་མིང་རྟགས་ས་ཡིག་བཀོད་པ་དེའི་ཐོག་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་དང་ཞི་མཐུན་མཉམ་གནས་ཡོང་བའི་འབོད་སྐུལ་ཡང་བྱས་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ་དང་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་ཆོས་རྒྱ་མཚོ་ལགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་དུ་བསྐོ་བཞག་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎