བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་གྱི་གྷོ་ཝར་ཞབས་སོར་འཁོད་འདུག

2018-08-07
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་གྱི་གྷོ་ཝར་ཞབས་སོར་འཁོད་སྐབས།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་གྱི་གྷོ་ཝར་ཞབས་སོར་འཁོད་སྐབས།
CTATIBETTV

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གྷོ་ཝའི་འཛིན་སྐྱོང་ཤེས་ཡོན་ལྟེ་གནས་ཁང་དུ་གསུང་བཤད་སྩོལ་གནང་རྒྱུ་ཡིན་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༨ ཚེས་ ༧ ཉིན། རྒྱ་གར་གྱི་མངའ་སྡེ་གྷོ་ཝའི་ནང་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་། ཚེས་ ༨ ་གཟའ་ལྷག་པའི་ཉིན་མངའ་སྡེ་དེའི་ནང་ཡོད་པའི་གྷོ་ཝ་འཛིན་སྐྱོང་ཤེས་ཡོན་ལྟེ་གནས་ཁང་ངམ། (Goa Institute of Management)ཞེས་པ་འདི་བཙུགས་ནས་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་གདན་ཞུས་ལྟར། གཙོ་བོ་རྒྱ་གར་གྱི་གནའ་བོའི་ཤེས་བྱ་བཟང་པོ་དེ་དག་དེང་སང་དུས་ཚོད་འདིར་གལ་ཆེན་པོ་ཇི་ལྟར་ཆགས་ཀྱི་ཡོད་མེད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག  ཤེས་ཡོན་ལྟེ་གནས་ཁང་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་གོ་སྒྲིགས་ལས་དོན་དང་འབྲེལ་བ་ཡོད་པ་སློབ་དཔོན་ སེཌ་རིཀ་ སེར་པེསྀ་ ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཤེས་ཡོན་ལྟེ་གནས་ཁང་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་དུས་དྲན་གྱི་དབུ་འབྱེད་མཛད་སྒོའི་གསུང་བཤད་གནང་མཁན་གྱི་སྐུ་མགྲོན་དུ་ཆེད་དུ་གདན་འདྲེན་ཞུས་པ་དེ་ནི་དགེ་ལས་སློབ་ཕྲུག་ཐོུང་གིས་འདོད་མོས་ཀྱི་ཐོག་ནས་ཐག་གཅོད་ཞུས་པ་ཞིག་ཡིན་པ་གསུངས་འདུག་ཅིང་།  ཁོང་གིས་བཀའ་སློབ་གསུང་བཤད་སྐབས་སློབ་ཕྲུག་གྲངས་ ༦༠༠ ཙམ་དང་དགེ་ལས། ཆེད་འབོད་སྐུ་མགྲོན་སོགས་ཆེད་བཅར་ཞུ་རྒྱུ་ཡིན་འདུག་པར་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཤེས་ཡོན་ལྟེ་གནས་ཁང་གི་དྲ་རྒྱ་ www.gim.ac.inདང་། ཡང་དགའ་ལྡན་ཕོ་བྲང་གི་དྲ་རྒྱ་ www.dalailama.com སོགས་ཀྱི་ཐོག་ཐད་གཏོང་ཞུ་རྒྱུ་ཡིན་འདུག་པར་མ་ཟད།  རྒྱ་གར་གྱི་ CNBCབརྙན་འཕྲིན་ཐོག་ལ་ཡང་རྒྱང་སྲིང་ཞུ་འཆར་ཡོད་པ་གསུངས་ཡོད་པ་རེད།
དེ་ནས་ཚེས་བཅུ་ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཡོད་པ་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བགྲེས་གཞོན་རྣམ་གཉིས་དང་དཔོན་རིགས་ཁག་ཅིག་ཀྱང་ཕེབས་རྒྱུ་ཡིན་འདུག  ཀར་ན་ཊ་ཀ་མངའ་སྡེ་འདི་ནི་བཙན་བྱོལ་བོད་མི་མང་ཤོས་གནས་ཡུལ་དང་། བཙན་བྱོལ་ནང་གི་བོད་མིའི་ཆོས་ཕྱོགས་ཀྱི་བཤད་སྒྲུབ་ལྟེ་གནས་ཁང་ཆེ་ཤོས་ཆགས་ཡུལ་ཞིག་ཀྱང་ཡིན་པ་རེད།
ཡང་མཛད་འཆར་གཞིར་བཟུང་ལྟར་ན། ཕྱི་ཟླ་དགུ་པའི་ནང་སུཝེ་ཌེན་ནང་ཡོད་པའི་(IM)ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེས་ཇི་ལྟར་གདན་འདྲེན་ཞུས་པ་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༩ ཚེས་ ༡༢ ཉིན་སུཝེ་ཌེན་གྱི་མེལ་མོ་གྲོང་ཁྱེར་ནང་ཡོད་པའི་ IM ཞེས་པ་ཕྱི་ལོ་ ༡༩༣༨ ལོར་ན་ཛི་ཇར་མན་གྱིས་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་ཤུགས་ཆེ་བྱས་སྐབས། མིའི་རིན་ཐང་གོང་འཕེལ་གཏོང་ཐབས་ཆེད་བཙུགས་པའི་་རོགས་ཚོགས་དེ་དབུ་བརྙེས་ནས་ལོ་ངོ་བརྒྱད་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་དུས་ཚོད་དང་སྟབས་བསྟུན་༧གོང་ས་མཆོག་ནས་མང་ཚོགས་ལ་བདེ་སྐྱིད་དང་ཞི་བདེ་སྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག ཨ་ཨེམ་ཞེས་པའི་རོགས་ཚོགས་དེས་བོད་མི་སྐྱབས་བཅོལ་བ་ཚོར་ལོ་མང་རིང་མཐུན་འགྱུར་རོགས་རམ་ཡང་གནང་ཡོད་པ་རེད།
དེ་བཞིན་ཕྱི་ཟླ་དགུ་པའི་ནང་། ཇར་མན་ནི་དང་ནེ་ཐར་ལེནཌ། སུ་ཛར་ལེན་ཌི་བཅས་སུའང་རིམ་པས་ཆིབས་བསྒྱུར་གྱི་མཛད་འཆར་ཡོད་པ་རེད།  

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།