ལུས་ཀྱི་བདེ་ཐང་ནི་སེམས་ནང་ཞི་བདེ་ཡོད་མེད་ལ་ཐུག་ཡོད། ༧གོང་ས་མཆོག་གིས།


2018.08.08
༧གོང་ས་མཆོག་རྒྱ་གར་གྱི་མངའ་སྡེ་གྷོ་ཝའི་འཛིན་སྐྱོང་ཤེས་ཡོན་ལྟེ་གནས་ཁང་དུ། ༢༠༡༨།༨།༨ ༧གོང་ས་མཆོག་རྒྱ་གར་གྱི་མངའ་སྡེ་གྷོ་ཝའི་འཛིན་སྐྱོང་ཤེས་ཡོན་ལྟེ་གནས་ཁང་དུ། ༢༠༡༨།༨།༨
OHHDL

༧གོང་ས་མཆོག་གིས་རྒྱ་གར་རང་གི་སེམས་ཁམས་བདེ་ཐང་ཡོང་ཐབས་ཀྱི་གནའ་རབས་རིག་གཞུང་བསྐྱར་གསོ་གནང་དགོས་ལུགས་གྷོ་ཝ་ནས་གསུངས་འདུག
དེ་ཡང་ཕྱི་ཟླ་ ༨ ཚེས་ ༨ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་མངའ་སྡེ་གྷོ་ཝའི་འཛིན་སྐྱོང་ཤེས་ཡོན་ལྟེ་གནས་ཁང་དུ་རྒྱ་གར་གྱི་གནའ་བོའི་ཤེས་བྱ་དེང་སང་གི་དུས་སུ་ཡང་དགོས་མཁོ་དང་ཕན་ཐོག་ཡོད་པ་ཞིག་ཡིན་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་སྩལ་གནང་མཛད་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ཤེས་ཡོན་ལྟེ་གནས་ཁང་གྲགས་ཅན་འདི་བཙུགས་ནས་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་དུས་ཆེན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུ་ཕུལ་བ་ཞིག་ཡིན་པ་རེད།
ཤེས་ཡོན་ལྟེ་གནས་ཁང་དེའི་ངེས་སྟོན་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཤེས་ཡོན་ལྟེ་གནས་ཁང་འདིར་ཆིབས་བསྒྱུར་ཞབས་སོར་འཁོད་པར་ཐུགས་རྗེ་ཆེ་ཞུས་གནང་པ་དང་སྦྲགས། ༧གོང་ས་མཆོག་ནི་མིའི་རིན་ཐང་གོང་འཕེལ་གཏོང་ཐབས་སུ་ལེགས་སྐྱེས་འབུལ་མཁན་གྱི་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པའི་ཆེད་བསྟོད་ཞུས་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་བྱམས་པ་དང་བརྩེ་བ་ལ་སོགས་པའི་ཡོན་ཏན་གོང་འཕེལ་གཏོང་ཐབས་ཀྱི་ཤེས་ཡོན་མི་འདེང་པའི་སྐྱོན་ཆེན་པོ་ཡོད་པ་དང་། དེ་དག་ཁ་གསབ་བྱ་རྒྱུར་ཤེས་ཡོན་སློབ་ཚན་གྱི་ཁོངས་སུ་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་ཐབས་དང་། སེམས་ཀྱི་ཞི་བདེ་བསྐྲུན་པའི་རྒྱུ་བྱམས་པ་དང་བརྩེ་བ་ལ་སོགས་པའི་ཡོན་ཏན་གོང་འཕེལ་གཏོང་ཐབས་སླད་ཆོས་ལུགས་ལ་མ་བརྟེན་པའི་ཡ་རབས་སྤྱོད་བཟང་སྐོར་འཇུག་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་གནང་ཡོད་ལ། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་ལྷག་པར་དུ་སེམས་ཁམས་རིག་པའི་གཞུང་ལུགས་རྒྱ་ཆེ་གཏིང་གཟབ་ཡོད་པ་དེ་དག་ཉམས་ལེན་གྱི་ཐོག་ནས་རྒྱུན་འཛིན་དང་ཁྱབ་སྤེལ་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་བཀའ་གནང་ཡོད་པ་རེད།  
ཕྱི་ཟླ་ ༨ ཚེས་ ༡༠ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ལྔས་གོ་སྒྲིགས་ཞུས་པའི་གྲོང་ཁྱེར་སྦེང་ལོར་ནང་ཀར་ན་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་ཆིབས་བསྒྱུར་དང་བཀའ་སློབ་གསུང་བཤད་སྩོལ་གནང་མཛད་རྒྱུ་ཡིན་ཞིང་། ཡང་ཕྱི་ཚེས་ ༡༡ དང་ ༡༢  སོ་སོར་ཝིདྷ་ཡ་ལོ་ཀེའམ་ཤེས་རབ་དང་སྣང་བ་ཞེས་པ་རྒྱ་གར་གྱི་གནའ་བོའི་རིག་གཞུང་སྤྱི་དང་ལྷག་པར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཞུང་ལུགས་ཁག་ནང་པ་ཙམ་མིན་པར་རང་ཉིད་ལེགས་པར་འདོད་པའི་མི་སུ་འདྲ་ཞིག་གིས་ཀྱང་ཉམས་སུ་ལེན་ཐབས་དར་སྤེལ་གནང་མཁན་གྱི་ཚོགས་པ་དེས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་བྱམས་བརྩེ་དང་སྙིང་སྟོབས་ཅེས་པའི་བརྗོད་གཞི་དང་། གནའ་བོའི་རྒྱ་གར་གྱི་ཤེས་རབས། དེང་དུས་ཀྱི་འཛམ་གླིང་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩོལ་གནང་མཛད་རྒྱུ་ཡིན་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གསུང་བཤད་ཀྱི་མཛད་འཕྲིན་ཁག་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱ་(www.dalilama.com)དང་ཝིདྷཡ་ལོ་ཀེའི་དྲ་རྒྱ་སོགས་བརྒྱུད་ཐད་གཏོང་ཞུ་རྒྱུ་ཡིན་འདུག
ཀར་ན་ཊ་ཀ་མངའ་སྡེ་འདི་ནི་བཙན་བྱོལ་བོད་མི་མང་ཤོས་གནས་ཡུལ་དང་། བཙན་བྱོལ་ནང་གི་བོད་མིའི་ཆོས་ཕྱོགས་ཀྱི་བཤད་སྒྲུབ་ལྟེ་གནས་ཁང་ཆེ་ཤོས་ཆགས་ཡུལ་ཞིག་ཀྱང་ཡིན་པ་རེད།

གསར་འགོད་པ་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎