ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་མོལ་༧གོང་ས་མཆོག་དང་འབྲེལ་བའི་ཕྱག་དེབ་གསར་བ།

2021-05-04
Share
ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་མོལ་༧གོང་ས་མཆོག་དང་འབྲེལ་བའི་ཕྱག་དེབ་གསར་བ། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་(Vaclav Havel)་རྣམ་གཉིས། ༡༢།༡།༢༠༠༨
Reuters

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་འདས་པོ་(Vaclav Havel)་རྣམ་གཉིས་དེ་སྔ་ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་མོལ་དང་པོ་གནང་བ་དང་འབྲེལ་བའི་སྐོར་གྱི་ཕྱག་དེབ་ཞིག་ལོ་འདིའི་ལོ་མཇུག་དཔར་བསྐྲུན་གནང་རྒྱུ་ཡིན་པ་རེད་འདུག
ཕྱག་དེབ་དེ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Czechs for Tibet)་ཞེས་པ་དང་། (Vaclav Havel)་དཔེ་མཛོད། གཞན་(Forum 2000)་ཞེས་པའི་ཚོགས་པ་ཁག་ཅིག་གིས་མཉམ་རུབ་ཐོག་འདོན་སྤེལ་གནང་འཆར་ཡོད་པ་དང་། ཕྱག་དེབ་དེའི་ནང་(Czech)དང་བོད་ཀྱི་སྲིད་དོན་པ། བོད་རིག་པ་བ་ལ་སོགས་པར་གནས་འདྲི་ཞུས་པའི་ནང་དོན་དང་། དེ་དབྱིན་ཡིག་དང་ཅེཀ་སྐད་ཡིག་གཉིས་ནང་འདྲ་པར་དང་བཅས་པའི་ཐོག་དཔར་བསྐྲུན་གནང་འཆར་ཡོད་པ་རེད་འདུག
གནས་ཚུལ་ནང་བཀོད་པར་གཞིགས་ན། སྐབས་དེར་(Czechoslovakia)་རྒྱལ་ཁབ་ཀྱི་སྲིད་འཛིན་(Vaclav Havel)་མཆོག་གིས་སྲིད་འཛིན་གྱི་གསུང་བཤད་དང་པོ་དེ་ཕྱི་ལོ་༡༩༩༠་ལོའི་ཕྱི་ལོ་གསར་ཚེས་ཉིན་གནང་སྐབས། ཁོང་གིས་ཡི་ཤུའི་བླ་ཆེན་(Pope John Paul)་གཉིས་པ་མཆོག་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་(Czechoslovakia)་ནང་གདན་འདྲེན་ཞུ་རྒྱུའི་འདུན་པ་སྟོན་གནང་བ་ལྟར། ལོ་དེའི་ཕྱི་ཟླ་དང་པོའི་ནང་(Pope John Paul)་མཆོག་དང་དེའི་རྗེས་ཕྱི་ཟླ་གཉིས་པའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ཁབ་དེའི་ནང་གདན་འདྲེན་ཞུས་ཡོད་པ་རེད་འདུག
ཕྱག་དེབ་དེ་འབྲི་མཁན་རྒྱ་ནག་གི་གནད་དོན་ཐོག་མཁས་པ་ལྕམ་(Katerina Prochaz kova)་ཡིས། ཕྱི་ལོ་༡༩༩༠་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་འཛིན་(Vaclav Havel)་རྣམ་གཉིས་མཇལ་འཕྲད་གནང་བའི་རྗེས། ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་བོད་བར་གྱི་འབྲེལ་བའི་གནས་བབ་དེ་དམ་ཟབ་ཡོང་འགོ་ཚུགས་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་གསར་འཛུགས་གནང་བ་མཚོན་(Forum 2000)་ཞེས་པའི་རྒྱལ་སྤྱིའི་གླེང་སྟེགས་དེ་གསར་འཛུགས་གནང་ཡོད་པ་མ་ཟད། རྒྱལ་ཁབ་ནང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་གནང་རྒྱུ་སོགས་བྱུང་ཡོད་པའི་སྐོར་གསུང་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།