༧གོང་ས་མཆོག་གིས་ཁེ་ཎ་ཌའི་སྲིད་བློན་བསྐྱར་དུ་འོས་འདེམས་བྱུང་བར་འཚམས་འདྲི་མཛད།

2019-10-22
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག
OHHDL

ཁེ་ན་ཌའི་གུ་ཡངས་ཆབ་སྲིད་ཚོགས་པའི་ཚོགས་གཙོ་དང་སྲིད་བློན་ལས་ཐོག་པར་སླར་ཡང་སྲིད་བློན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་པར་༧གོང་ས་མཆོག་གིས་འཚམས་འཕྲིན་ཕུལ་འདུག
ཁེ་ན་ཌའི་གུ་ཡངས་ཆབ་སྲིད་ཚོགས་པའི་ཚོགས་གཙོ་དང་སྲིད་བློན་ལས་ཐོག་པ་སྐུ་ཞབས་ཇཱསི་ཊན་ཁྲུ་སྒྲོ་(Justin Trudeau)་མཆོག རྒྱལ་ཡོངས་འོས་བསྡུའི་ཁྲོད་ཡུལ་དེའི་སྲིད་བློན་དུ་སླར་ཡང་འདེམས་ཐོན་བྱུང་ཡོད་པར། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་སྤྱི་ཟླ་༡༠པའི་ཚེས་༢༢་ཉིན་དགའ་བསུའི་གསུང་འཕྲིན་གནང་ཡོད་པའི་ནང་། ཁེ་ན་ཌ་རྒྱལ་ཁབ་ཀྱིས་བྱམས་བརྩེ་ཉམས་ལེན་གྱི་ཐོག་ནས། འཛམ་གླིང་ཡུལ་གྲུ་ཁག་ཅིག་གི་ནང་ཡ་ང་ལ་བསམ་བརྗོད་ལས་འདས་པའི་རྩོད་རྙོག་དང་། དཀའ་ངལ། ཉེན་ཁ་སྣ་ཚོགས་ལ་གཡོལ་ཐབས་སུ། རང་ཡུལ་བཞག་སྟེ་བྲོལ་བྱོལ་དུ་ཡོང་བའི་ཉམས་ཐག་སྐྱབས་བཅོལ་བ་མང་པོ་ཞིག་ལ་སྐྱབས་བཅོལ་གྱི་གནས་ཡུལ་སྤྲོད་བཞིན་པའི་སྲིད་བྱུས་ལ་ངོས་ནས་ཡི་རངས་བསྔགས་བརྗོད་ཡོད་ཅེས་དང་། མགོན་པོ་གང་ཉིད་ནི་ཁེ་ན་ཌའི་མི་སེར་གྱི་ཆེ་མཐོང་བཞེས་མྱོང་མཁན་ཞིག་ཡིན་པའི་ཆ་ནས། ཁེ་ན་ཌ་རྒྱལ་ཁབ་ཀྱི་གཏོང་ཕོད་དང་། མི་ཆོས་རིང་ལུགས་ཀྱི་ལེགས་སྐྱེས་ཕུལ་པ་ཁག་ལ། ཁོང་གིས་ཐུགས་སྤོབས་ཆེན་པོ་གནང་གི་ཡོད་པ་མ་ཟད། སྤྱི་ལོ་༡༩༧༠འི་ནང་ཁེ་ཎ་ཌའི་ནང་བཙན་བྱོལ་བོད་མི་གཞིས་སྤོས་ཀྱི་ཐོག་ཁེ་ན་ཌ་གཞུང་དམངས་གཉིས་ཀྱིས་མཐུན་འགྱུར་རོགས་ཕན་གནང་བར་བཀའ་དྲིན་རྗེས་དྲན་ཀྱང་ཞུས་འདུག
གཞན་ཡང་ཁེ་ན་ཌའི་སྲིད་བློན་(Justin Trudeau)་མཆོག་གི་གཞུང་འཛིན་གྱི་སྐབས་སུ། རྒྱ་ནག་ལ་འཛེམས་ཟོན་མེད་པར་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་།  ཁོང་ཡང་བསྐྱར་སྲིད་བློན་དུ་འདེམས་ཐོན་བྱུང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་དགའ་བ་ཆེན་པོའི་ཐོག་ནས་དགའ་བསུ་དང་། འབྱུང་འགྱུར་མུ་མཐུད་བོད་དོན་དཀའ་རྙོག་སེལ་བར་རྒྱ་ནག་གི་དཔོན་རིགས་ཚོར་སྐུལ་མ་གནང་རོགས། ཞེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཡེ་ཤེས་ཕུན་ཚོགས་མཆོག་ནས་འབོད་སྐུལ་གནང་གི་འདུག
སྲིད་བློན་སྐུ་ཞབས་ཇཱསི་ཊན་ཁྲུ་སྒྲོ་(Justin Trudeau)་མཆོག་ནི། ཕྱི་ལོ་༡༩༧༡་ལོར་ཁེ་ཎ་ཌའི་ཨོ་ཁྲ་ཝ་གྲོང་ཁྱེར་ནང་འཁྲུངས་ཡོད་པ་དང་། ཕྱི་ལོ་༢༠༡༥་ལོར་ཡུལ་དེའི་སྲིད་བློན་དུ་བདམས་ཡོད་ཅིང་། ད་ལོ་ཡང་བསྐྱར་ཁོང་གི་གུ་ཡངས་ཆབ་སྲིད་ཚོགས་པ་ལ་འོས་འདེམས་རྒྱལ་ཁ་ཐོབ་པར། ཁེ་ཎ་ཌ་མི་དམངས་ཀྱི་མངོན་འདོད་དང་ཁོང་གི་བསམ་དོན་ཡིད་བཞིན་དུ་འགྲུབ་པར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།