༧གོང་ས་མཆོག་གིས་ལ་དྭགས་ནང་ཆོས་ལུགས་དང་མི་རིགས་མཐུན་སྒྲིལ་བསྐྲུན་པ།

2019-07-23
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་དྭགས་སུ་ཕེབས་སྐབས། ༢༠༡༨།༧།༡༢
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་དྭགས་སུ་ཕེབས་སྐབས། ༢༠༡༨།༧།༡༢
OHHDL

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལ་བརྟེན་ལ་དྭགས་ནང་ཆོས་ལུགས་དང་མི་རིགས་མཐུན་སྒྲིལ་ཐད་ཧ་ལས་པའི་འགྲུབ་འབྲས་བཟང་པོ་ཐོན་གྱི་ཡོད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ཡང་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་པའི་བཀའ་སློབ་སྩལ་གནང་མཛད་པ་དེས་ལ་དྭགས་ནང་ཆོས་ལུགས་དང་མི་རིགས་མཐུན་སྒྲིལ་ཐད་ཧ་ལས་པའི་འགྲུབ་འབྲས་བཟང་པོ་ཐོན་གྱི་ཡོད་འདུག
དེ་ཡང་འདི་ལོར་ལ་དྭགས་ལྡུམ་ར་ཁ་སྡོད་དབྱར་ཆོས་ཆེན་མོ་ཟླ་༧་པའི་ཚེས་༡༥་ནས་༢༣་བར་ཚོགས་གནང་སྐབས། ལ་དྭགས་ནང་ཤེས་ཡོན་སློབ་ཁྲིད་ལེགས་བཅོས་གནང་མཁན་དང་གསར་གཏོད་པ་གྲགས་ཅན་བསོད་ནམས་དབང་ཕྱུགས་ལགས་ཀྱིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མིའི་རིགས་ཡོངས་རྫོགས་གཅིག་གྱུར་ཡིན་པའི་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་པ་དེ་ཡིས་ལ་དྭགས་ཀྱི་སྤྱི་ཚོགས་ནང་ཧ་ལས་བའི་གྲུབ་འབྲས་ལེགས་པོ་ཐོན་བཞིན་ཡོད་པ་མང་ཚོགས་ལ་གསུངས་པ་མ་ཟད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་མངའ་ཁུལ་ནང་ལོ་བཅུ་ཕྲག་མང་པོའི་རིང་སྐུ་ངལ་འཛེམས་མེད་ཀྱི་ཐོག་ནས་ཆོས་ལུགས་འདྲ་མིན་དབར་འབྲེལ་མོལ་གནང་བ་དང་། ཆོས་ལུགས་ཕན་ཚུན་ཞི་མཐུན་མཉམ་གནས་ཀྱི་ཁོར་ཡུག་བསྐྲུན་གནང་བར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྐབས་ཁོང་གི་ལྷན་དུ་ཁ་ཆེ་བ་(Mullah Mohammad Iqbal)་ལགས་ཀྱང་ལྷན་བཞུགས་གནང་འདུག
ད་དུང་བསོད་ནམས་དབང་ཕྱུགས་ལགས་ཀྱིས། ད་རེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཀྱི་དབྱར་ཆོས་ཆེན་མོར་ཆིབས་བསྒྱུར་བསྐྱངས་མ་ཐུབ་ན་ཡང་དེར་འདུས་མང་ཚོགས་རྣམས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་
ཐང་ཡོང་བ་དང་། སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད་ལ་༧མགོན་པོ་གང་ཉིད་ཀྱིས་སྩལ་བའི་བཀའ་སློབ་ཁག་ལ་དྭགས་མི་མང་རྣམས་ཀྱིས་རིག་པ་སྒྲིམ་ནས་དང་ལེན་གང་ཐུབ་ཅི་ཐུབ་ཞུ་བཞིན་ཡོད་ལུགས་སོགས་གསུངས་འདུག
ལ་དྭགས་ནང་གི་དབྱར་ཆོས་ཆེན་མོ་དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རོགས་མགོན་དང་སེམས་འགུལ་སྤེལ་གནང་བར་བརྟེན་ནས་གསར་འཛུགས་གནང་བ་ཞིག་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།