༸གོང་ས་མཆོག་གིས་༸སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་ཡོད་པ་དང་། འབྱུང་འགྱུར་ཀྱང་མི་ལོ་བཅོ་ལྔ་ཉི་ཤུའི་རིང་བཞུགས་རྒྱུའི་ཞལ་བཞེས་བཀའ་དྲིན་བསྐྱངས་པ།

2024.04.03
༸གོང་ས་མཆོག་གིས་༸སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་ཡོད་པ་དང་། འབྱུང་འགྱུར་ཀྱང་མི་ལོ་བཅོ་ལྔ་ཉི་ཤུའི་རིང་བཞུགས་རྒྱུའི་ཞལ་བཞེས་བཀའ་དྲིན་བསྐྱངས་པ། ༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས། ༢༠༢༤།༠༤།༠༣ ཉིན།
OHHDL

སྟོད་པ་གཞིས་བྱེས་མི་མང་དང་པུ་ཧྲེང་གི་གཞིས་བྱེས་སེར་སྐྱ་མི་མང་བཅས་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་ཀྱི་སྒོ་ནས། སྤྱི་ཟླ་ ༤ པའི་ཚེས་ ༣ ཉིན་བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཅིག་གནང་ཡོད་ཅིང་། བརྟན་བཞུགས་ཕུལ་གྲུབ་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། བསམ་པ་རྣམ་དག་དང་སྦྱོར་དངོས་རྗེས་གཙང་ཧ་ཅང་ཡག་པོ་བྱུང་སོང་བ་དང་། ངོས་རང་གིས་ལོ་བརྒྱ་ཕྲག་ཏུ་བསྡད་ཐུབ་པའི་སྨོན་ལམ་འདེབས་པ་དང་སེམས་ཤུགས་བསྐྱེད་ཀྱི་ཡོད་པ། ཉེ་ཆར་རང་སྨན་པ་བསྟེན་གཏུག་སྐབས་གཟུགས་པོ་ཧ་ཅང་ཡག་པོ་འདུག་ཅེས་གསུང་གི་འདུག་པས། མི་ལོ་བཅོ་ལྔ་ཉི་ཤུའི་རིང་བསྡད་ཀྱི་རེད་ཅེས་ཞལ་བཞེས་ཟབ་མོ་བཀའ་དྲིན་ཆེ་གནང་གི་འདུག

གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གང་ལྟར་འཛམ་གླིང་འདིར། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མར་ཅུང་ཟད་རྒུད་འགྲོ་བཞིན་པའི་གནས་སྐབས་སུ། ངོས་ནས་བསྟན་པའི་ཞབས་འདེགས་ཕྲན་བུ་བསྒྲུབ་ཐུབ་པའི་ཕྱི་ནང་གི་རྐྱེན་མང་པོ་ཞིག་འདུག་པ་དང་། དེ་སྔ་ནང་ཆོས་དམིགས་བསལ་དར་ཁྱབ་མེད་པའི་ས་ཁུལ་དུའང་། དེང་སང་ནང་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་པ་དང་ལྷག་པར་ཚན་རིག་པ་ཆོས་ཁས་མི་ལེན་པ་མང་པོ་ཞིག་ཀྱང་ངོས་ཀྱི་གྲོགས་པོ་ཡིན་པ་དང་། དམིགས་བསལ་དོ་སྣང་དང་དགའ་མོས་གནང་གི་འདུག་ཅེས་ལམ་སྟོན་གནང་གི་འདུག

པུ་ཧྲེང་གཞིས་བྱེས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་རྒྱུན་ལས་ཀུན་གྲོལ་ཕུན་ཚོགས་ལགས་ནས། བརྟན་བཞུགས་འདིས་སྤྱི་མཐུན་གྱི་བསོད་ནམས་ཡག་པོ་བསགས་སོང་བ་དང་། བརྟན་བཞུགས་ཀྱི་སྙིང་པོ་གལ་གནད་ཆེ་ཤོས་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་༸གོང་ས་མཆོག་གི་བཀའ་གསུང་ཇི་བཞིན་སྒྲུབ་རོགས་ཀྱི་འབོད་སྐུལ་གནང་གི་འདུག

སྟོད་པ་གཞིས་བྱེས་མི་མང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚེ་རིང་དོན་འགྲུབ་ལགས་ནས། བརྟན་བཞུགས་ཕུལ་དོན་ནི་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་ཡིན་ན། ང་ཚོ་བོད་ཀྱི་བདེན་མཐའང་ཉི་འོད་བཞིན་གསལ་བ་དང་། འཛམ་གླིང་ཞི་བདེ་དང་མི་མང་ལ་བདེ་སྐྱིད་ཡོང་གི་ཡོད་པས་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

བརྟན་བཞུགས་དུ་ཕྱོགས་བསྡོམས་ཀྱིས་མི་གྲངས་ཆིག་སྟོང་ཉིས་བརྒྱ་བརྒྱད་ཅུ་ཆེད་དུ་བཅར་ཡོད་ཁོངས་ནས། བལ་ཡུལ་ནས་ ༤༨༠ དང་ཕྱི་རྒྱལ་ཁག་ནས་བརྒྱ་ལྷག་གི་འཕྲོས་རྣམས་རྒྱ་གར་ནས་ཡིན་པ་དང་། སྔ་འགྱུར་རྙིང་མའི་བླ་ཆེན་འཁྲུལ་ཞིག་རིན་པོ་ཆེ་མཆོག་གིས་སྔ་མོ་༸གོང་ས་མཆོག་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐུ་ཚེའི་ཚད་ནང་བཞིན། དགུང་ལོ་བརྒྱ་དང་ཉི་ཤུ་ལྷག་བཞུགས་རོགས་ཀྱི་གསོལ་འདེབས་ཞུས་པའི་རྟེན་འབྲེལ་གྱི་གནད་གྱིས། བརྟན་བཞུགས་འདིར་སྒྲོལ་མ་དཀར་ལྗང་ ༡༢༥ རེ་དང་། སྟོན་པའི་སྐུ་བརྒྱ་དང་བཅུ་གསུམ། གུ་རུའི་སྐུ་འདྲ་ ༥༢༥ སོགས་འབུལ་ཚན་དུ་བཏེགས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆར་རླུང་དྲག་པོ་བརྒྱབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་གཞུང་འབྲེལ་མཛད་འཆར་ཁག་དབུ་འཛུགས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎