༧གོང་ས་མཆོག་རྒྱ་གར་རྒྱལ་ཡོངས་ཡེ་ཤུ་ཆོས་ལུགས་ཀྱི་ལྷན་ཚོགས་ཐོག་དབུ་བཞུགས།
2019.08.30
བོད་རིཊ་ཡོངས་ལ་རང་སྲིད་རང་སྐྱོང་རྩོད་ལེན་གནང་བཞིན་པ་༧གོང་ས་མཆོག་གིས་བོད་རིགས་སློབ་ཕྲུག་ཚོར་བསྐྱར་ནན་གནང་འདུག
འདི་ཚེས་༣༠་ཉིན། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མེང་ལོར་ཕ་དྷར་མུ་ལར་ཚོགས་ཁང་ཆེན་མོའི་ནང་། འཇིག་རྟེན་ཡ་རབས་སྤྱོད་ཚུལ་གྱི་ཐོག་ཤེས་ཡོན་བརྗེ་ལེན་གྱི་རྒྱ་གར་རྒྱལ་ཡོངས་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་ལྷན་ཚོགས་ཐེངས་༥༢་པའི་ཐོག་དབུ་བཞུགས་གནང་བ་དང་། རྒྱ་གར་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་སློབ་གྲྭ་ཁག་གི་སློབ་སྤྱི་གཙོས་ཤེས་ཡོན་གྱི་ཐོག་འགན་འཁུར་མི་སྣ་ཁག་དང་། གཞན་ཡང་བོད་རིགས་དང་འབྲུག་པ། ཨ་རུ་ན་ཅལ་དེ་མིན་རྒྱ་གར་སློབ་ཕྲུག་བཅས་ལ་བཀའ་སློབ་སྩལ་ཡོད་པ་རེད། >>འདིར་མནན་ཚེ་བཀའ་སློབ་ཆ་ཚང་གསན་གཟིགས་གནང་ཐུབ།
དེའི་སྔོན་ཞོགས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་མེང་ལོར་གྲོང་ཁྱེར་ནང་གི་བོད་རིགས་སློབ་ཕྲུག་༣༠༠་མ་ཟིན་ཙམ་ཞིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས། བོད་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་བྱ་རྒྱུ་དེ་ནི་འཕགས་པ་སྤྱན་རས་གཟིགས་ཐུགས་དགྱེས་པའི་མཆོད་པ་བཟང་ཤོས་དེ་ཡིན་པ་བཀའ་སྩལ་བ་དང་མཉམ། བོད་རིགས་སློབ་ཕྲུག་རྣམས་ལ་ནང་ཆོས་ལ་རྨོངས་དད་ཀྱི་ཐོག་ནས་དབང་རྟུལ་དད་པའི་རྗེས་སུ་མི་འབྲང་པར། ནང་ཆོས་ལ་སློབ་སྦྱོང་བྱས་ནས་དབང་རྣོན་ཆོས་ཀྱི་རྗེས་འབྲང་བྱེད་དགོས་པའི་ལམ་སྟོན་གནང་བ་མ་ཟད། བོད་རིགས་ན་གཞོན་རྣམས་ཀྱིས་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སློབ་སྦྱོང་ལ་སྦྱང་བརྩོན་བྱེད་དགོས་པ་ཡང་གསུང་གནང་སོང་།
གཞན་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བོད་རིགས་ཀྱི་ས་ཁུལ་ལ་ངོས་འཛིན་བྱེད་བཞིན་པའི་ས་ཁུལ་ཚང་མར་གཅིག་གྱུར་གྱི་བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་རྩོད་ལེན་གནང་བཞིན་ཡོད་པ་བསྐྱར་ནན་གནང་སོང་།
ད་དུང་༧གོང་ས་མཆོག་གིས་རྒྱ་ནག་གུང་ཁྲན་ཏང་གིས་བོད་མི་རིགས་དེ་རྩ་མེད་བཟོ་རྒྱུའི་ཐབས་བྱུས་རིམ་པ་སྤེལ་བ་ཁག་ལ་གྲུབ་འབྲས་མ་སོན་པར་ཕམ་ཉེས་སོང་ཡོད་པ་གསུངས་བ་་དང་མཉམ། རྒྱ་ནག་གི་གཅིག་བསྡུས་རིང་ལུགས་དེ་ཡང་ལམ་འགྲོ་དེ་ཙམ་འགྲོ་བཞིན་མེད་པའི་སྐོར་དང་། རྒྱ་ནག་མི་དམངས་ཁྲོད་ནང་པའི་ཆོས་ལ་དད་པ་བྱེད་མཁན་མང་པོ་ཡོད་པ་དང་བོད་ལ་དོ་སྣང་བྱེད་མཁན་ཇེ་མང་ཡིན་པ་བཀའ་སྩལ་འདུག
༧གོང་ས་མཆོག་ལ་མཇལ་ཁ་བཅར་བའི་སློབ་མ་བསྟན་འཛིན་འཕགས་སྒྲོན་ལགས་ཀྱིས། ༧གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་བར་ཧ་ཅང་དགའ་བྱུང་། ༧གོང་ས་མཆོག་གི་བཀའ་གསུངས་ལག་ལེན་ལ་འབད་བརྩོན་བྱེད་རྒྱུ་ཡིན་པ་ངོ་སྤྲོད་གནང་བྱུང་།