༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི།


2019.09.17
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་ཞབས་མོ་དྷི་(Narendra་Modi)་རྣམ་གཉིས། ༢༠༡༠།༠༡།༡༥ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་ཞབས་མོ་དྷི་(Narendra་Modi)་རྣམ་གཉིས། ༢༠༡༠།༠༡།༡༥
AP

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷི་(Narendra་Modi)་མཆོག་གི་དགུང་གྲངས་༦༩འི་འཁྲུངས་སྐར་ལ་འཚམས་འཕྲིན་སྩལ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷི་(Narendra་Modi)་མཆོག་གི་དགུང་གྲངས་༦༩འི་འཁྲུངས་སྐར་ལ་འཚམས་འཕྲིན་སྩལ་གནང་འདུག
༧གོང་ས་མཆོག་གི་འཚམས་འཕྲིན་ནང་། ༧མགོན་པོ་གང་ཉིད་རྒྱ་གར་གྱི་སྐུ་མགྲོན་རྒྱུན་རིང་ཤོས་ཤིག་ཡིན་པའི་ཆ་ནས་༧གང་ཉིད་རྒྱ་གར་ལ་ཐུགས་ཁུར་གཏིང་ཟབ་བཞེས་གནང་མཁན་ཞིག་ཡིན། སྐུ་ཉིད་ཀྱིས་རྒྱ་གར་ལ་གདེང་སྤོབས་བསྐྲུན་ནས་འཕེལ་རྒྱས་འགྲོ་བཞིན་པར་དགའ་བསུའི་འཚམས་འདྲི་ཞུ།  རྒྱ་གར་ཡར་རྒྱས་དང་ལམ་ལྷོང་བྱུང་ཚེ་དེས་རྒྱ་གར་གྱི་མི་མང་ཙམ་མ་ཡིན་པར་འཛམ་གླིང་སྤྱིའི་ཡར་རྒྱས་གོང་འཕེལ་ལ་ལེགས་སྐྱེས་ཆེན་པོ་ཕུལ་གྱི་ཡོད་ཀྱི་ཡོད་པ་རེད།  ཅེས་དང།  ཡང་དེ་སྔོན་༧གོང་ས་མཆོག་གིས། སྲིད་བློན་མཆོག་ལ་རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོ་དགོས་གལ་སྐོར་བཀའ་བསྡུར་མཛད་མྱོང་ཡོད་པ་དྲན་གསོ་ཞུས་པ་དང་སྦྲགས། དེང་སྐབས་རྒྱ་གར་གྱི་གནའ་བོའི་རིག་གནས་ལ་དོ་སྣང་བྱེད་མཁན་རྒྱ་གར་གྱི་གཞོན་སྐྱེས་ཇེ་མང་དུ་འགྲོ་བཞིན་པ་དེར་༧གང་ཉིད་གྱིས་བློ་སྤོབས་ཧ་ཅང་ཆེན་པོ་བསྐྱེད་ཀྱི་ཡོད་པ་དང་། དེ་ནི་ཤར་ཕྱོགས་ནས་ཉི་མ་ཤར་བ་བཞིན་དུ་འོད་འཕྲོ་ཡི་ཡོད། རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་འཚེ་བ་མེད་པའི་སྤྱོད་པ་དང་བྱམས་བརྩེའི་ཀུན་སློང་གི་རྒྱབ་བརྟེན་ཡོད་པའི་སྙིང་རྗེའི་ཉམས་ལེན་དང་ཞི་གནས། ལྷག་མཐོང་སོགས་བློའི་རྣམ་གཞག་དང་བྱེད་ལས་སྐོར་གསུངས་ཡོད་པ་དེ་དག་དང་ལྷག་པར་དུ་དཔལ་ན་ལེཎྜ་ནས་བྱུང་བའི་ཚད་མ་རིག་པ་དང་། གཏན་ཚིག་རིག་པའི་རྣམ་གཞག་དེ་དག་དེང་སང་འབྲེལ་བ་ཡོད་པ་ཙམ་མ་ཟད། དེང་གི་འཛམ་གླིང་ནང་དགོས་ངེས་ཅན་ཡིན་སྐོར་བཀའ་གནང་འདུག
ད་དུང་༧གོང་ས་མཆོག་གིས་དཔལ་ལེཎྜའི་སྲོལ་རྒྱུན་རིག་གནས་ཁག་དང་། དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་གཉིས་མཉམ་འབྲེལ་བྱས་ཚེ་དེ་ཡིས་འགྲོ་བ་མིའི་རིགས་སྤྱི་ཡོངས་ལ་ཕན་ཐོགས་རྒྱུ་ཡིན་སྐོར་བཀའ་གནང་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུངས་འཕྲིན་དེའི་ནང་ད་དུང་།
༧མགོན་པོ་གང་ཉིད་རྒྱ་གར་གྱི་མགྲིན་ཚབ་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྟབས་རྒྱལ་ཁབ་གཞན་གྱི་མི་དང་ཐུག་འཕྲད་སྐབས་རྒྱ་གར་དེ་བཞིན་འཛམ་གླིང་ནང་གི་མང་གཙོའི་ལམ་ལུགས་ལྡན་པའི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཅིག་ཡིན་པ་དང་། ཆོས་ལུགས་འདྲ་མིན་མང་པོ་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པ། རྒྱ་གར་ནི་བརྟན་ལྷིང་དང་འཆམ་མཐུན་མཉམ་གནས་ཀྱི་རྒྱལ་ཁབ་གཅིག་ཡིན་པའི་དཔེ་མཚོན་རྒྱལ་ཁབ་གཅིག་ཡིན་པའི་བསྔགས་བརྗོད་མཛད་ཀྱི་ཡོད་ཅེས་དང་། རྒྱ་གར་རྒྱལ་ཡོངས་དང་མངའ་སྡེ་གཉིས་ཀའི་འོས་བསྡུ་ཡང་ཞི་བདེའི་ངང་གོ་སྒྲིག་བྱེད་ཐུབ་པ་དེ་ཡང་གནའ་བའི་རྒྱུན་སྲོལ་གྱི་ལྟ་གྲུབ་ལ་བརྟེན་ནས་ཡིན་པ་ར་སྤྲོད་གནང་གི་ཡོད་སྐོར་དང་། མཐའ་དོན་དུ་༧གོང་ས་མཆོག་གིས་བཙན་བྱོལ་དུ་གནས་པའི་བོད་མི་རྣམས་ལ་རྒྱ་གར་ནི་ང་ཚོའི་ཆོས་ཕྱོགས་ཐོག་ནས་སྐྱབས་བཅོལ་ས་ཙམ་མ་ཡིན་པར་འདས་པའི་ལོ་༦༠་རིང་བཙན་བྱོལ་བོད་མིའི་ཕ་ཡུལ་གཉིས་པ་ཞིག་ཆགས་ཡོད་པ་དང་རྒྱ་གར་གཞུང་དམངས་གཉིས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ཡང་བསྐྱར་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ཅེས་འཚམས་འཕྲིན་ནང་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎