༧གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་ཆེན།


2018.12.10
བཞུགས་སྒར་དུ་༧གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་ཆེན་མཛད་སྒོའི་སྐབས། ༢༠༡༨།༡༢།༡༠ བཞུགས་སྒར་དུ་༧གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་ཆེན་མཛད་སྒོའི་སྐབས། ༢༠༡༨།༡༢།༡༠
RFA

བཞུགས་སྒར་གཙོས་བོད་མི་གནས་སྡོད་བྱེད་ཡུལ་གང་སར་༧གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཉེར་དགུ་འཁོར་བའི་དུས་ཆེན་སྲུང་བརྩི་གནང་འདུག
དེ་ཡང་ལོ་རེའི་སྤྱི་ཟླ་༡༢་བའི་ཚེས་༡༠་ཉིན་ནི་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་༡༩༨༩་ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་ཆེན་ཡིན་པར་བརྟེན་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་གཞུང་དམངས་གཉིས་ཀྱི་གཙོས་བོད་ཕྱི་ཕྱོགས་ཀྱི་འཛམ་གླིང་ཡུལ་གྲུ་གང་སའི་བོད་མི་གནས་སྡོད་བྱེད་ཡུལ་ཁག་ལ་སོ་སོའི་ས་གནས་ཀྱི་དུས་དང་བསྟུན་པ་བྱས་ནས་དུས་ཆེན་དགའ་སྟོན་སྲུང་བརྩི་གནང་ཡོད།
བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་གཞུང་དམངས་གཉིས་ཀྱི་གཞུང་འབྲེལ་མཛད་སྒོའི་སྐབས། སྐུ་མགྲོན་གཙོ་བོར་རྒྱ་གར་གྲོས་ཚོགས་འཐུས་མི་ལས་ཐོག་པར་ཏིབ་པྲམ་ཀྲ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ཕྱི་ནང་གི་སེར་སྐྱ་མི་མང་དང་སློབ་ཕྲུག་བཅས་ཕེབས་ཡོད་པར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས། ༧གོང་ས་མཆོག་ནས་གཞན་ཕན་གྱི་མཛད་འཕྲིན་སྤྱི་དང་།  ནང་ཆོས་ཀྱི་བསླབ་བྱ།  བདག་ཉིད་ཆེན་པོ་གྷན་རྡིའི་བཞེད་དགོངས་ཟབ་མོ་གཞིར་བཟུང་། འཚེ་མེད་ཞི་བའི་ཐབས་ཚུལ་ཁོ་ནར་བརྟེན་ཏེ་བོད་དོན་བདེན་མཐའ་གསལ་ཐབས་མཛད་པ་བཅས་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་སོགས་ངོ་སྤྲོད་དང་འབྲེལ།བོད་མི་མང་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་། འདི་ལོའི་ཕྱི་ཟླ་༡༡པའི་འགོ་སྟོད་དུ། སུད་སི་གྲོང་ཁྱེར་ཇི་ནི་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཐེངས་༣༡པའི་སྐབས། རྒྱལ་ཁབ་༡༢ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་། ཁོར་ཡུག་དང་ལྷག་པར་ཆོས་དད་རང་དབང་། འདུ་འཛོམས་རང་དབང་བཅས་ལ་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ་མ་ཟད། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གནང་མཁན་བཀྲ་ཤིས་དབང་ཕྱུག་བཙོན་འཇུག་གི་གནད་དོན་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་ཚོད་འཛིན་ཧ་ཅང་བྱེད་བཞིན་པར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་མི་སྣ་བོད་ནང་དམ་དྲ་མེད་པར་འགྲོ་འཇུག་དགོས་པའི་རེ་འདུན་བཏོན་པ་དང་། ལྷག་པར་བོད་ཀྱི་བདེན་མཐའ་གསལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་། བོད་རྒྱལ་འབྲེལ་མོལ་བསྐྱར་གསོ་དགོས་པའི་རེ་འདུན་ཡང་བཏོན་ཡོད་ཅེས་འཁོད་འདུག
གཞན་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱངས་སྐབས། སྤྱི་ཟླ་དགུ་བའི་ནང་ཨ་རིའི་གྲོས་ཚོགས་འོག་མས་བོད་ནང་ཕར་འགྲོ་ཚུར་ཡོང་གི་གོ་སྐབས་འདྲ་མཉམ་དགོས་བའི་ཁྲིམས་འཆར་(Reciprocal Access to Tibet Act)ཞེས་རྒྱ་གཞུང་ནས་ཨ་མི་རི་ཀའི་མི་སེར་བོད་ནང་ཕེབས་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པ་བཞིན་ཕར་དེ་ལྟར་རྒྱ་ནག་གི་འབྲེལ་ཡོད་རྣམས་ཨ་རི་ནང་ཡོང་རྒྱུར་བཀག་སྡོམ་གནང་རྒྱུ་ཡིན་པའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་བ་དེ་གྲོས་ཚོགས་གོང་མ་ནས་ཀྱང་གཏན་འབེབས་གནང་བའི་རེ་བ་ཡོད་པ་གསལ་སྟོན་གནང་ཡོད།
སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་(Pradeep Tamta)པར་ཏིབ་པྲམ་ཀྲ་མཆོག་ནས། ཁོ་རང་༧རྒྱལ་བ་རིན་པོ་ཆེར་དངོས་སུ་མཇལ་མ་མྱོང་ནའང་དེང་སང་གི་འཛམ་གླིང་ལ་རྩོད་རྙོག་དང་ཆོས་ལུགས་མཐུན་སྒྲིལ་མེད་དུས་འདིར། རྒྱལ་བ་རིན་པོ་འཁྲུངས་པ་ནི་སངས་རྒྱས་ཀྱི་སྤྲུལ་བ་རང་ལ་ངོས་འཛིན་གནང་གི་ཡོད་ཅིང་། བོད་དོན་འཐབ་རྩོད་དེ་འཚེ་བ་མེད་པའི་ལམ་ནས་གནང་གི་ཡོད་པ་དེ། འཛམ་གླིང་ལ་ལེགས་སྐྱེས་ཆེ་ཤོས་ཤིག་དང་། རྒྱལ་བ་རིན་པོ་ཆེར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་ནི་གཟེངས་རྟགས་དེ་རང་གི་གཟི་བརྗིད་དང་ཆེ་མཐོང་ཡིན་པ་བཅས་བསྔགས་བརྗོད་གནང་གི་འདུག
དེ་བཞིན་དུས་ཆེན་དེ་ཨ་རི་དང་། ཡོ་རོབ་སོགས་བོད་ཕྱི་ཕྱོགས་ཀྱི་འཛམ་གླིང་ཡུལ་གྲུ་གང་སའི་བོད་མི་གནས་སྡོད་བྱེད་ཡུལ་ཁག་ལ་སོ་སོའི་ས་གནས་ཀྱི་དུས་དང་བསྟུན་པ་བྱས་ནས་དུས་ཆེན་དགའ་སྟོན་སྲུང་བརྩི་གནང་ཡོད།

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎