ང་ཚོར་དཀའ་སྡུག་ཇི་འདྲ་འཕྲད་ཀྱང་མུ་མཐུད་དུ་འཚེ་བ་མེད་པའི་འཐབ་རྩོད་བྱེད་རྒྱུ་ཡིན། ༧གོང་ས་མཆོག་གིས།


2019.10.24
༧གོང་ས་མཆོག་གིས་དབུ་བཞུགས་ཐོག་ཞི་བདེའི་གོང་འཕེལ་ཐད་བགྲོ་གླེང་སྐབས། ༢༠༡༩།༡༠།༢༤ ༧གོང་ས་མཆོག་གིས་དབུ་བཞུགས་ཐོག་ཞི་བདེའི་གོང་འཕེལ་ཐད་བགྲོ་གླེང་སྐབས། ༢༠༡༩།༡༠།༢༤
མཐུན་འགྱུར་པར་རིས། བསྟན་འཛིན་འཇམ་དཔལ།

ང་ཚོར་དཀའ་སྡུག་ཇི་འདྲ་ཞིག་འཕྲད་ཀྱང་མུ་མཐུད་དུ་འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་འཐབ་རྩོད་རྒྱུན་སྐྱོང་བྱ་རྒྱུ་ཡིན་པ་༧གོང་ས་མཆོག་གིས་ཞི་བདེའི་གོང་འཕེལ་ལས་འཆར་ཐོག་འགན་ཁུར་གནང་མཁན་གཞོན་སྐྱེས་ཁག་དང་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་སྐབས་བཀའ་གནང་སོང་།
དེ་ཡང་འདི་ཚེས་༢༤་ཉིན། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱལ་ཁབ་ཁག་༡༡་ནས་ཕེབས་པའི་ཞི་བདེའི་གོང་འཕེལ་ལས་འཆར་ཐོག་འགན་ཁུར་གནང་མཁན་གཞོན་སྐྱེས་ཁག་དང་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་ཉིན་གཉིས་པ་ཚོགས་པ་དེ་ཨ་མི་རི་ཀའི་ཞི་བདེ་གོང་འཕེལ་ལྟེ་གནས་ཁང་སྤྱི་ཁྱབ་འགན་འཛིན་(Nancy Lindborg)་ལགས་ཀྱིས་གཙོ་སྐྱོང་འོག་ཚོགས་སྐབས། ན་ཡི་ཇེ་རི་ཡ་རྒྱལ་ཁབ་ནས་ཡིན་པའི་ན་གཞོན་ཞིག་གིས། འཚེ་མེད་ཞི་བའི་ལས་འགུལ་རྣམས་དྲག་པོའི་གནས་སུ་མི་འགྱུར་བར་ཞི་བ་རང་གནས་ཐབས་ཇི་ལྟར་གནང་དགོས་པའི་སྐོར་མགོན་པོ་གང་ཉིད་མཆོག་ལ་བཀའ་འདྲི་ཞུ་སྐབས། ༧གོང་ས་མཆོག་གིས། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་ནས། ང་ཚོ་བོད་ཀྱི་འཐབ་རྩོད་ལ་མཚོན་ན། ཐོག་མ་ཉིད་ནས་ང་ཚོས་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་བསམ་བློ་ཞིག་བཏང་ཡོད་པ་ལས་ཕྱོགས་གཅིག་གི་ཁེ་ཕན་ཁོ་ནར་དམིགས་པ་ཞིག་མ་མིན་པར་བརྟེན། ང་ཚོར་དཀའ་སྡུག་ཇི་འདྲ་ཞིག་ཡོད་རུང་བོད་ཀྱི་འཐབ་རྩོད་དེ་མུ་མཐུད་དུ་འཚེ་མེད་ཞི་བའི་ལམ་ནས་རྒྱུན་སྐྱོང་བྱེད་པར་ང་ཚོར་རྒྱུ་མཚན་ཡང་དག་པ་ཞིག་ཡོད་རེད། དེར་བརྟེན་ཉེ་དུས་སྲིད་བྱུས་དེར་རྒྱ་རིགས་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་བཀའ་གནང་ཡོད་པ་རེད།
ཡང་སྐབས་དེར་ལྷོ་སུའུ་དྷན་རྒྱལ་ཁབ་ནས་ཡིན་པའི་བུ་མོ་ན་གཞོན་ཞིག་གིས། སུའུ་དྷན་ནང་དུ་སྐྱབས་བཅོལ་གྱི་སྡེ་ཁག་ནང་ཁུལ་ལ་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་རེད། འོན་ཀྱང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་མིའི་དབུ་ཁྲིད་ཡིན་པའི་ཆ་ནས་བོད་མི་ཚོ་ཆིག་སྒྲིལ་གནས་ཐབས་དང་ལྷག་པར་དུ་བོད་རིགས་དང་རྒྱ་གར་བ་གཉིས་རིག་གཞུང་དང་ལྟ་སྤྱོད་སོགས་གཅིག་མཚུངས་མིན་ནའང་། རྒྱ་གར་ལ་མཉམ་གནས་ཐུབ་ཐབས་ཀྱི་ལམ་སྟོན་ཇི་ལྟར་མཛད་ཀྱི་ཡོད་པ་མགོན་པོ་གང་ཉིད་མཆོག་ལ་བཀའ་འདྲི་ཞུ་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ནང་དུ་ད་བར་ཁྱོན་བོད་མི་གྲངས་༡༥༤་ཡིས་རང་ལུས་མེར་སྲེག་བཏང་གནང་ཡོད་པ་རེད། བོད་མི་དེ་དག་གིས་ལུས་སེམས་གཉིས་ཀའི་ཐོག་ནས་བཟོད་ཐབས་མེད་པའི་དཀའ་སྡུག་ཆེན་པོ་མྱངས་ཡོད་པ་གསལ་པོ་མཚོན་ཐུབ། འོན་ཀྱང་། བོད་མི་དེ་དག་གིས་མི་སུ་ལའང་གནོད་འཚེ་བྱས་མེད་པ་རེད་ཅེས་དང་། དེ་སྔ་བོད་མི་རྣམས་འ་ཆད་འུ་ཐུག་གི་གནས་སྟངས་སྐབས། རྒྱ་མིའི་དམག་མི་མཉམ་དུ་འཐབ་འཛིང་བྱས་པའི་ལོ་རྒྱུས་ཡོད་རེད། ལོ་རྒྱུས་ཐོག་ནས་བོད་རིགས་རྣམས་སོག་པའི་མི་རིགས་དང་འདྲ་བར་རང་ཉིད་འགལ་ཟླ་ཐུག་པའི་སྐབས་དམག་རྒྱག་རྒྱུའི་གོམས་གཤིས་ཡོད་རེད། ཡིན་ནའང་། ཕྱི་སུ་བོད་ལ་ནང་ཆོས་དར་ཁྱབ་བྱུང་ཏེ་རིམ་པས་བོད་མི་རྣམས་བྱམས་བརྩེ་དང་ཞི་བའི་ཕྱོགས་སུ་བསྐྱོད་པ་རེད། དེང་སྐབས་རྒྱ་རིགས་མང་པོ་ཞིག་ཀྱང་བོད་པའི་གཤིས་རྒྱུད་བཟང་པོར་བསྔགས་བརྗོད་བྱེད་བཞིན་ཡོད་ལ། རྒྱ་གར་ནི་ང་ཚོའི་ཆོས་ཀྱི་ཁྱིམ་གཞིས་ལྟ་བུ་ཡིན་པ་མ་ཟད། གཅིག་ནི་བོད་མིའི་རང་གཤིས་ལ་བྱམས་བརྩེ་དང་འཚེ་མེད་ཞི་བའི་གཤིས་རྒྱུད་བཟང་པོ་དེ་དག་ཡོད་པར་བརྟེན། རྒྱ་གར་བ་དང་ལྷན་དུ་ཁོར་ཡུག་གཅིག་ནང་མཉམ་སྡོད་བྱེད་སྐབས་དཀའ་ངལ་འཕྲད་ཀྱི་མེད་པ་རེད་ཅེས་བཀའ་གནང་ཡོད་པ་རེད།  
ཡང་སྐབས་དེར་ན་ཡི་ཇེ་རི་ཡ་རྒྱལ་ཁབ་ནང་ལ་ཞི་བདེའི་གོང་འཕེལ་ལས་འཆར་ཐོག་འགན་ཁུར་གནང་མཁན་གཞོན་སྐྱེས་(Naomi Ekpoki)་ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་དང་། འཚེ་མེད་ཞི་བའི་ཕྱོགས་སུ་བསྐྱོད་དགོས་པའི་ལམ་སྟོན་མཛད་པ་བཞིན། ངོས་རང་སོ་སོའི་རྒྱལ་ཁབ་ལ་ཕྱིར་ལོག་བྱས་པའི་རྗེས། གཞོན་སྐྱེས་ཚོར་༧གོང་ས་མཆོག་གི་བཀའ་སློབ་དེ་ཚོ་ཁྱབ་སྤེལ་གཏོང་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག
ལས་རིམ་གོ་སྒྲིག་གནང་མཁན་ཨ་མི་རི་ཀའི་ཞི་བདེ་གོང་འཕེལ་ལྟེ་གནས་ཁང་ངམ་(United States Institute of Peace)་ཞེས་པས་ཨ་ཧྥི་གྷ་ནི་སི་ཐན་དང་། ཨི་རག འབར་མ། ན་ཡི་ཇེ་རི་ཡ་སོགས་ཚུད་པའི་དམག་འཁྲུག་དང་རྩོད་རྙོག་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་༥༡་ནང་ཞི་བདེའི་གོང་འཕེལ་སླད་ཕྱག་ལས་གནང་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎