རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གྱི་གཞི་རྩའི་ཐོབ་ཐང་ཙམ་ཡང་མེད།
2019.03.25
རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གྱི་གཞི་རྩའི་ཐོབ་ཐང་ཙམ་ཡང་མེད་སྐོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བགྲོ་གླེང་ཤུགས་ཆེ་བྱུང་འདུག
ཉེ་ལམ་རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་དུས་རབས་མང་པོའི་རིང་གི་ཆོས་ལུགས་དང་། ལོ་རྒྱུས་ཀྱི་ལམ་སྲོལ་ཁག་ལ་བསྟུན་ནས་རྒྱ་ནག་དབུས་གཞུང་གིས་ངོས་ལེན་ཡོད་དགོས་ཁར། ༧གོང་ས་མཆོག་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་པའི་དབང་ཚད་གང་ཡང་མེད་ལུགས་སོགས་བརྗོད་པར། ཕྱི་ཟླ་ ༣ ཚེས་ ༢༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་རྒྱ་ནག་གཞུང་ལ་༧རྒྱལ་བའི་ཡང་སྲིད་ངོས་འཛིན་གྱི་གཞི་རྩའི་ཐོབ་ཐང་ཏིལ་འབྲུ་ཙམ་ཡང་མེད་པར་མ་ཟད།། སྤྲུལ་སྐུ་ངོས་འཛིན་གྱི་གཞི་རྩའི་ཆ་རྐྱེན་ནི་སྐྱེ་བ་སྔ་ཕྱི་ངེས་པར་དུ་ཁས་ལེན་དགོས་པ་དང་། གཉིས་ནས་བླ་མ་དེ་ངོས་འཛིན་བྱེད་པར་བླ་མ་དེར་ཡིད་ཆེས་དང་དད་པ་གུས་བརྩི་བཅས་དགོས་པ་སོགས་གཞི་རྩའི་ཆ་རྐྱེན་དེ་གསུམ་རྒྱ་ནག་ལ་རྩ་བ་ནས་ཚང་གི་མེད་པར་བརྟེན་རྒྱ་ནག་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གྱི་གཞི་རྩའི་ཐོབ་ཐང་ཙམ་མེད་པ་རེད་ཅེས་རྒྱ་ནག་གཞུང་ལ་དགག་ལན་གནང་ཡོད་པ་རེད། དེ་བཞིན་སྤྱི་འཐུས་གཞན་མང་པོས་ཀྱང་དེ་མཚུངས་དགག་ལན་གནང་ཞིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་ཀྱང་བཀའ་ཤག་གི་ངོས་ནས་རྒྱབ་གཉེར་ཞུ་རྒྱུ་ཡིན་པ་གསུངས་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་སྤྱི་ཟླ་༣པའི་ཚེས་༡༨ཉིན། རོཡེ་ཊརསྀ་གསར་ལས་ཁང་ལ། རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཐད་༧རྒྱལ་བ་རིན་པོ་ཆེ་ལས་ལྷག་པར་སེམས་ཁྲལ་བྱེད་ཀྱི་ཡོད་པ་དང་། གལ་ཏེ་མ་འོངས་པར་༧རྒྱལ་བའི་ཡང་སྲིད་གཅིག་རང་དབང་ལུང་པར་འཁྲུངས་པ་དང་། གཅིག་རྒྱ་ནག་གཞུང་གིས་བསྐོ་བཞག་བྱེད་སྲིད་པ་རེད་དེ། རྒྱ་ནག་གིས་བསྐོ་བཞག་བྱས་པར་སུས་ཀྱང་ཡིད་ཆེས་དང་གུས་བརྩི་བྱེད་ཀྱི་མ་རེད་ཅེས་བཀའ་ཕེབས་ཡོད་པ་རེད།