རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ཐད་བསྐྱར་བཟློས་བྱས་འདུག

2019-04-11
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་Lu Kang
རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་Lu Kang
fmprc

མ་འོངས་༧གོང་ས་ཏཱ་ལའི་བླ་མའི་སྐུའི་ཡང་སྲིད་ལ་རྒྱ་ནག་གཞུང་གིས་ངོས་ལེན་དང་བཀའ་འཁྲོལ་ཐོབ་དགོས་ཀྱི་ཡོད་ལུགས་རྒྱ་ནག་གཞུང་གིས་བསྐྱར་བརྗོད་བྱས་འདུག
དེ་ཡང་ཚེས་༡༠ཉིན། རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་རྒྱ་གར་གྱི་(PTI)གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Lu Kang)གིས་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་སྐབས། ཕྱི་རྒྱལ་གསར་འགོད་པས། རྒྱ་ནག་གཞུང་ནས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་བསྐོ་བཞག་བྱེད་འཆར་ཡོད་མིན་སྐོར་འདྲི་རྩད་བྱས་འདུག་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤པའི་ད་ལྟའི་སྐུ་གཟུགས་ཀྱི་གནས་བབ་སྐོར་ཤེས་རྟོགས་མེད་ཅེས་དང་། ཡིན་ནའང་ཡང་སྲིད་ཀྱི་གནད་དོན་ཐད་ལ་བོད་ཀྱི་བླ་སྤྲུལ་ངོས་འཛིན་བྱ་ཕྱོགས་ཐད་བོད་བརྒྱུད་ནང་ཆོས་ཀྱི་འགྲོ་སྟངས་འགྲོ་ལུགས་ཤིག་ཡོད་ལ་དེ་ལྟར་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཡང་གཏན་འབེབས་ཡོད་ལུགས་བརྗོད་དེ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གཙོས་པས་བོད་ཀྱི་བླ་སྤྲུལ་ངོས་འཛིན་ལ་རྒྱ་ནག་གཞུང་གིས་ངོས་ལེན་དང་བཀའ་འཁྲོལ་དགོས་ཀྱི་ཡོད་ལུགས་ལན་འདེབས་བྱས་འདུག
ཉེ་སྔོན་རོ་ཨི་ཀྲར་གསར་ལས་ཁང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྐུའི་ཡང་སྲིད་སྐོར་བཅར་འདྲི་ཞུས་ཡོད་ཅིང་། དེའི་སྐབས་༧གོང་ས་མཆོག་ནས་མ་འོངས་སྐུའི་ཡང་སྲིད་རྒྱ་གར་རང་དབང་ལུང་པའི་ནང་འཁྲུངས་སྲིད་པ་དང་། གལ་ཏེ་རྒྱ་ནག་གཞུང་ནས་མ་འོངས་ཡང་སྲིད་བསྐོ་བཞག་བྱས་ཚེ་རྒྱ་ནག་གིས་བསྐོ་བཞག་བྱས་པའི་སྐུའི་ཡང་སྲིད་ལ་དད་པ་དང་ཡིད་ཆེས་བྱ་མཁན་ཡོང་མི་སྲིད་པ་གསུངས་ཡོད་པ་རེད།
གཞན་ཡང་འདི་ཚེས་༩ཉིན། དེ་སྔ་ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་ཁྲིམས་སུ་གཏན་འབེབས་གནང་བའི་Asia Reassurance Initiative Act) འམ་ཨེ་ཤེ་ཡ་འགན་སྲུང་ཁྲིམས་ཡིག་ཅེས་པ་དེའི་འོག་ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་ཁྲིམས་ཀྱི་དབང་བསྒྱུར་ཀྱི་ཚོགས་ཆུང་གིས་བོད་དོན་ཉན་ཞིབ་གནང་ཡོད་པའི་སྐབས། གྲོས་ཚོགས་འཐུས་མི་སྐུ་ཞབས་(Cory Gardner)ལགས་ཀྱིས། རྒྱ་ནག་གཞུང་གིས་མ་འོངས་༧གོང་ས་ཏཱ་ལའི་བླ་མའི་སྐུའི་ཡང་སྲིད་ངོས་འཛིན་བྱེད་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་ཡོད་པ་ལྟར། གལ་སྲིད་རྒྱ་ནག་གཞུང་གིས་དེ་ལྟར་དངོས་སུ་ངོས་འཛིན་བྱས་བ་ཡིན་ན། ང་ཚོ་ཨ་མི་རི་ཀའི་ངོས་ནས་དུས་ནམ་ཡང་རྒྱ་ནག་གི་བསྐོ་བཞག་བྱས་པའི་ཏཱ་ལའི་བླ་མར་ངོས་ལེན་བྱ་ཐུབ་ཐབས་མེད་པ་གསུངས་ཡོད་པ་མ་ཟད། ༧གོང་ས་མཆོག་གི་ངོས་ནས་མ་འོངས་ཡང་སྲིད་སྐོར་གྱི་དགོངས་གཞི་དང་ཐག་གཅོད་ལ་ཨ་རིས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་པ་ནན་བརྗོད་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།