༧གོང་ས་མཆོག་ཡོ་རོབ་ནས་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོད་འདུག


2017.09.27
༧གོང་ས་མཆོག་གྷ་གལ་གནམ་ཐང་དུ། ༢༠༡༧།༩།༢༧ ༧གོང་ས་མཆོག་གྷ་གལ་གནམ་ཐང་དུ། ༢༠༡༧།༩།༢༧
བློ་བྷེ།/RFA

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནང་གི་ཉིན་གྲངས་ཉི་ཤུའི་རིང་གི་མཛད་འཕྲིན་ལེགས་གྲུབ་ཀྱིས་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཇི་སོགས་ཡོ་རོབ་རྒྱལ་ཁབ་ཁག་གི་ནང་གི་ཉིན་གྲངས་ཉི་ཤུའི་རིང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་ཕྱིར་རྒྱ་གར་གྱི་བཞུགས་སྒར་ངྷ་རམ་ས་ལར་ཞབས་སོར་བདེ་བར་འཁོད་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་མིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ནས་རྡ་སའི་ཉེ་འགྲམ་གྱི་གྷ་གྷལ་གནམ་ཐང་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། སྐབས་དེར་གནམ་ཐང་དུ་གསར་འགོད་པས་སྐུ་ཉིད་ཀྱི་ཆིབས་བསྒྱུར་གང་འདྲ་བྱུང་ཡོད་དམ། ཞེས་བར་༧གོང་ས་མཆོག་གིས། འགྲིམ་འགྲུལ་ཐང་ཆད་པོ་ཞིག་བྱུང་། འོན་ཀྱང་ཁྱད་པར་མི་འདུག  མི་མང་པོས་དོ་སྣང་བྱེད་བཞིན་འདུག  ངས་ཁོང་ཚོར་དམིགས་བསལ་ཞིག་གང་ཡང་བཤད་ཡག་མེད།  ངས་གང་བཤད་པ་དེ་ནི་གནའ་རབས་རྒྱ་གར་གྱི་རིག་གཞུང་ལས་ཆས་པའི་སེམས་ཀྱི་རྣམ་བཞག་དང་། ནང་སེམས་ཀྱི་ཞི་བདེ་ཇི་ལྟར་བསྐྲུན་པའི་ཐབས་ལམ་སྐོར་སོགས་རེད། གང་ལ་ཟེར་ན། དེང་དུས་སློབ་གསོའི་ལམ་ལུགས་ནི་ཕྱི་དངོས་པོའི་རིན་ཐང་སྐོར་ཧ་ཅང་ཕྱོགས་དྲག་པ་ཞིག་ཡོད་པ་དང་། ང་ཚོའི་ཆབ་སྲིད་ཀྱི་དབུ་ཁྲིད་ཐེ་བའི་གཞོན་སྐྱེས་མི་རབས་དེ་དག་ཁོར་ཡུག་དེའི་འོག་ཚར་ལོངས་བྱུང་ཡོད།  
དེར་བརྟེན་རྒྱ་གར་གྱི་གནའ་བོའི་ཤེས་རིག་ནང་། སེམས་ཀྱི་སྐོར་དང་། ཚོང་མྱོང་གི་སྐོར། ལྷག་པར་དུ་གལ་འགངས་ཆེ་ཤོས་ནི་ཚོར་མྱོང་དེ་དག་ལ་གདོང་ལེན་བྱ་ཕྱོགས་སོགས་ཀྱི་སྐོར་ཡོད་པ་དེ་དག་ཆོས་ལུགས་ཀྱི་ཉམས་ལེན་ཆ་ཤས་ཤིག་ཏུ་ངོས་འཛིན་མི་བྱེད་པར། ཤེས་ཡོན་གྱི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད་དགོས་ཀྱི་རེད།  དེར་བརྟེན་ངས་བཤད་པ་དེར་དོ་སྣང་དང་དགའ་མོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དེས། ངར་རྒྱ་གར་གྱི་གནའ་བོའི་རིག་གཞུང་འདི་ནི་དེང་གི་དུས་སུ་ཡང་ཧ་ཅང་གི་འཚམས་པོ་ཡོད་པ་ཞིག་ཡིན་པའི་ཡིད་ཆེས་ལྷག་པར་དུ་ཡོང་གི་འདུག ད་ག་རང་ཡིན།  ཐུགས་རྗེ་ཆེ། དེ་བཞིན་ཡུལ་གྲུ་གཞན་ནས་གཞན་དུ་བསྐྱོད་སྐབས། ཁ་ལག་ཡང་མི་འདྲ་བ་ཡིན་སྟབས། ངའི་ལྕེ་ཡང་སྐྱིད་པོ་བྱུང་། ཞེས་གསུངས་འདུག
ཐེངས་འདིར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཇི་དང་། ཇར་མན། ཨེ་ཊ་ལི་(Italy)་བཅས་ཡོ་རོབ་རྒྱལ་ཁབ་བཞིའི་ནང་ཆིབས་བསྒྱུར་སྐབས། བྱམས་སྙིང་རྗེ་དང་ཤེས་ཡོན་སློབ་གསོ་སྤྲོད་ཕྱོགས་སོགས་བརྗོད་གཞི་འདྲ་མིན་ཐོག་བཀའ་སློབ་བསྩལ་བ་མ་ཟད། སྒོམ་རིམ་བར་མ་དང་ཙོང་ཁ་བ་ཆེན་པོས་མཛད་པའི་ལམ་རིམ་གྱི་གསུང་ཆོས་བསྩལ་གནང་ཡོད་པ་རེད།
དེ་མིན་གོང་ས་མཆོག་གིས་གཟིགས་སྐོར་རིང་ཡུལ་གྲུ་ཁག་གི་གྲོས་ཚོགས་འཐུས་མི་དང་ཆོས་ལུགས་མི་སྣ། གྲགས་ཅན་མི་སྣ། སློབ་མ་སོགས་ལས་རིགས་འདྲ་མིན་གྱི་མི་སྣ་མང་པོར་མཇལ་འཕྲད་གནང་ཡོད་ལ། དེ་བཞིན་ཨེ་ཊ་ལིའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བདེའི་རྟགས་མ་སོགས་ཕུལ་ཡོད་པ་རེད།

གསར་འགོད་པ་ལྕགས་མོ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎