སོ་སོའི་ནང་སེམས་དེ་བྱམས་བརྩེ་ལྡན་པ་ཅིག་བྱེད་རྒྱུ་གལ་ཆེ། ༧གོང་ས་མཆོག་གིས།

2018-12-04
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་སྟོན་པ་ལྷ་ལས་བབས་པའི་གནས་མཆོག་སིང་ཁ་སི་(sankisa)ས་གནས་སུ། ༢༠༡༨།༡༢།༤
༧གོང་ས་མཆོག་སྟོན་པ་ལྷ་ལས་བབས་པའི་གནས་མཆོག་སིང་ཁ་སི་(sankisa)ས་གནས་སུ། ༢༠༡༨།༡༢།༤
OHHDL

༧གོང་ས་མཆོག་ནས་སོ་སོའི་སེམས་དེ་བྱམས་བརྩེ་ལྡན་པ་ཅིག་བྱེད་རྒྱུ་ནི་ཆོས་ལུགས་ཚང་མའི་དགོས་པ་དང་དམིགས་ཡུལ་རེད་ཅེས་བཀའ་སྩལ་འདུག
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་བ་ནང་བའི་གཞོན་ནུ་ཚོགས་པ་ནས་གསོལ་འདེབས་ཞུས་དོན་ལྟར། རྒྱ་གར་ཨོས་ཏིར་པར་དེ་ཤེ་ནང་གི་སྟོན་པ་ལྷ་ལས་བབས་པའི་གནས་མཆོག་སིང་ཁ་སི་(sankisa)ས་གནས་སུ། རྒྱ་གར་བ་ནང་པ་དང་ཧིན་རྡུའི་ཆོས་ལུགས་ཀྱི་རྗེས་འཇུག་པ། ཡེ་ཤུ་དང་ཁ་ཆེ་ཆོས་ལུགས་བཅས་ཀྱི་རྗེས་འཇུག་པ། ཕྱི་ནང་གི་མི་མང་ཆིག་ཁྲི་ལྔ་སྟོང་ཙམ་ལ་སྤྱོད་འཇུག་གི་བཀའ་ཆོས་ཉིན་གསུམ་རིང་གནང་བཞིན་པ་ལས། གསུང་ཆོས་ཉིན་གཉིས་པ་སྤྱི་ཟླ་༡༢པའི་ཚེས་༤ཉིན་གྱི་སྔ་དྲོར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། སེམས་མ་དུལ་བའི་དབང་གིས་འཚེ་བ་ཡོང་གི་ཡོད་པ་ཧ་ཅང་གསལ་བོ་དང་། སེམས་ལ་ཞི་བདེ་ཡོད་ན་འཚེ་བ་ཡོང་གི་མེད་པས། སེམས་རྒྱུད་དུལ་བ་ཅིག་དགོས་ཟེར་བ་དེ་ཆོས་ཕྱོགས་ཀྱི་སྐད་ཆ་གཅིག་པུ་མིན་པར། གང་ལྟར་འཛམ་གླིང་འདིར་མིས་བཟོས་པའི་སྡུག་བསྔལ་མང་པོ་ཅིག་ཡོད་པའི་ནང་། ང་ཚོས་སེམས་རྒྱུད་ལ་དོ་སྣང་གིས་སེམས་རྒྱུད་ཞི་ཞིང་དུལ་བ་ཞིག་ཡོང་བ་དེ་ཧ་ཅང་གལ་ཆེན་རེད། ཆོས་ལུགས་ཚང་མས་བྱམས་བརྩེ་དང་བཟོད་པ་གསུང་གི་ཡོད་པས་ན། སངས་རྒྱས་པའི་ཆོས་ནས་ཀྱང་དེ་བཞིན་དུ་སེམས་རྒྱུད་འདུལ་དགོས་རེད་ཅེས་གསུང་གི་འདུག དེ་རིང་སྐབས་སུ་བབས་པ་སྤྱོད་འཇུག་གི་གཞུང་འདི། སེམས་རྒྱུད་འདུལ་ཐབས་སྟོན་པའི་གཞུང་ཕལ་ཆེར་གལ་ཆེ་ཤོས་ཤིག་རེད། ང་རང་ལ་ཆ་བཞག་ན་སྤྱི་ལོ་༡༩༦༧ལོར་ངས་སྤྱོད་འཇུག་གི་བཤད་ལུང་ཞུས་པ་རེད། དང་པོ་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་བྱང་ཆུབ་སེམས་བསྟོད་མཇལ་ནས་དད་པ་རང་དབང་མེད་པར་སྐྱེས་ཏེ་རིན་པོ་ཆེའི་སྐུ་མདུན་ནས་དེ་དང་སྤྱོད་འཇུག་ལ་སོགས་པ་མང་པོ་ཞུས་པ་དང་། ཁུ་ནུ་བླ་མ་རིན་པོ་ཆེ་རང་ཉིད་ནས་ཀྱང་སྤྱོད་འཇུག་དེ་ཡང་ཡང་འཁྲིད་ཐུབ་ན་ཡག་པོ་ཡོང་གི་རེད་ཅེས་བཀའ་གནང་མྱོང་བས། སྤྱོད་འཇུག་གི་བཤད་ལུང་དེ་བར་སྐབས་དབུས་གཙང་ཁུལ་ལ་དཀོན་པོ་ཆགས་འདུག་ཅིང་། སྤྱོད་འཇུག་གི་བཤད་ལུང་ངས་ཚར་མང་པོ་བཏོན་པ་རེད། དེ་དང་ཆབས་ཅིག་ང་རང་གི་ངོས་ནས་སྤྱོད་འཇུག་གི་དཔེ་ཆ་དེ་ནམ་རྒྱུན་མཁྲིས་ལ་ཉར་ཏེ། དུས་ནས་དུས་ལ་ཀློག་པ་དང་བསམ་བློ་ཅུང་ཟད་བཏང་། གང་ལྟར་སྤྱོད་འཇུག་གི་གཞུང་དང་དབུ་མ་རྩ་བ་ཤེས་རབ་གཉིས་པོ་དེ། དུས་ནས་དུས་སུ་ངས་ལྟ་རྒྱུའི་དཔེ་ཆ་གལ་ཆེ་ཤོས་དེ་ཆགས་བསྡད་ཡོད། སྤྱོད་འཇུག་གིས་བྱང་ཆུབ་ཀྱི་སེམས་སྐོར་བཤད་ཀྱི་འདུག་པ་ཧ་ཅང་ཕན་པོ་འདུག དབུ་མ་རྩ་བ་ཤེས་རབ་ཀྱིས་དབུ་མའི་ལྟ་བ་གསུང་གི་ཡོད་པ་རེད། དངོས་གནས་དྲང་གནས་ཀྱིས་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཡོད་པ་ལས། གཙོ་ཆེ་བ་འདྲ་བོ་ཕལ་ཆེར་དེ་གཉིས་པོ་ལ་ངོས་འཛིན་བྱེད་ཐུབ་པ་ཅིག་རེད་ཅེས་བཀའ་སྩལ་ཡོད་ཅིང་། ༧གོང་ས་མཆོག་ནས་རྒྱུ་མཚན་བཀོད་ནས་སོ་སོའི་སེམས་དེ་བྱམས་བརྩེ་ལྡན་པ་ཅིག་བྱེད་རྒྱུ་ནི་ཆོས་ལུགས་ཚང་མའི་དགོས་པ་དང་དམིགས་ཡུལ་རེད་ཅེས་བཀའ་སྩལ་འདུག

གསར་འགོད་པ་བློ་བྷེ།

མཆན། (0)
Share
དྲ་གནས་ཆ་ཚང༌།