ད་ལོར་སློབ་མ་བཞི་བཅུ་ཞེ་ལྔ་ལ་དགའ་ལྡན་ཕོ་བྲང་གི་སློབ་ཡོན་གནང་གཏན་འཁེལ་འདུག

2022.07.22
ད་ལོར་སློབ་མ་བཞི་བཅུ་ཞེ་ལྔ་ལ་དགའ་ལྡན་ཕོ་བྲང་གི་སློབ་ཡོན་གནང་གཏན་འཁེལ་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ༠༦།༠༡།༢༠༢༢
OHHDL

དེ་ཡང་༧གོང་ས་མཆོག་གི་དགའ་ལྡན་ཕོ་བྲང་དགེ་རྩ་ནས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༧ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་གསལ་བསྒྲགས་སྤེལ་བ་ལྟར་ན། དགའ་ལྡན་ཕོ་བྲང་དགེ་རྩ་ནས་ད་ལོར་ཏཱ་ལའི་བླ་མའི་གཙུག་ལག་སློབ་ཐོན་སློབ་ཡོན་(The Dalai Lama Graduate Scholarships)་བོད་པའི་སློབ་ཕྲུག་༤༥ལ་གནང་གཏན་འཁེལ་ཡོད་པ་དང་། ཐེངས་འདིའི་སློབ་ཡོན་ཐོབ་མཁན་རྣམས་ནི། ཨ་མི་རི་ཀ་དང་། ཁེ་ཎ་ཌ། ཡོ་རོབ་དང་དེ་བཞིན་ཨེ་ཤེ་ཡ་བཅས་ནང་རྟེན་གཞི་བྱས་པའི་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གྲྭ་ཁག་ནང་སློབ་སྦྱོང་གནང་བཞིན་པའི་གཙུག་ལག་རབ་འབྱམས་པ་དང་། འབུམ་རམས་པའི་སློབ་མར་ཚུད་པ་རྐྱང་ཡིན་པ་དང་། ཁོང་ཚོས་སྐྱེས་དངོས་ཕྲ་རབ་རིག་པ་དང་། མཁའ་དབྱིངས་འཕྲུལ་རིག མི་རིགས་དཔྱད་ཞིབ་རིག་པ། སྤྱི་ཚོགས་འཕྲོད་བསྟེན། ནད་ཡམས་དཔྱད་ཞིབ་རིག་པ། གཞན་ཁྲིམས་དང་སྨན་སོགས་ལ་ཆེད་སྦྱོང་གནང་བཞིན་ཡོད་འདུག
སྤྱིར་བཏང་ལོ་འདིར་ཁྱོན་བསྡོམས་སློབ་ཡོན་ཞུ་མཁན་བོད་པའི་སློབ་ཕྲུག་༧༥བྱུང་འདུག་པ་དང་། སློབ་ཡོན་ལས་འཆར་དེ་ནི་ཕྱི་ལོ་༢༠༡༡ལོར་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། ད་བར་བོད་པའི་སློབ་ཕྲུག་༢༥༠ཨ་སྒོར་ས་ཡ་༢་དང་ཕྱེད་ཀ་ཙམ་ཁ་གསབ་སློབ་ཡོན་གནང་འདུག
ཏཱ་ལའི་བླ་མའི་གཙུག་ལག་སློབ་ཐོན་སློབ་ཡོན་དེ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་གནང་གི་ཡོད་པ་དང་། ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་དེ་བཞིན་རྒྱལ་སྤྱིའི་མིང་དོན་མཚུངས་པའི་དགེ་རྩ་ཞིག་ཡིན་སྟབས་དགེ་རྩ་དེ་བཞིན་སུད་སི་གཞུང་གི་ནང་སྲིད་ལས་ཁུངས་ཀྱི་ལྟ་རྟོག་སྐུལ་བྱུས་འོག་ཡོད་པ་རེད། ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ནི། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཞི་རྩའི་འགྲོ་བ་མིའི་རིན་ཐང་དང་། ཆོས་ལུགས་མཐུན་སྒྲིལ། ཞི་བདེ་དང་། འཚེ་མེད་ཞི་བ། ཁོར་ཡུག་སྲུང་སྐྱོབ་སོགས་ལ་གཙོ་བོར་དམིགས་ནས་བཙུགས་པ་ཞིག་ཡིན་པ་རེད།

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎