ཤེས་ཡོན་ལས་འཆར་དེ་འཛམ་གླིང་ནང་མིས་བཟོས་བའི་དཀའ་ངལ་སེལ་ཆེད་ཡིན། ༧གོང་ས་མཆོག་གིས།

2019-04-04
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྡི་ལིར། ༢༠༡༩།༤།༤
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྡི་ལིར། ༢༠༡༩།༤།༤
RFA

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཤེས་ཡོན་ལས་འཆར་དེ་འཛམ་གླིང་ནང་མིས་བཟོས་བའི་དཀའ་ངལ་སེལ་ཆེད་ཡིན་པ་༧གོང་ས་མཆོག་གིས་ལྡི་ལི་ནས་བཀའ་སྩལ་འདུག
དེ་ཡང་ཕྱི་ལོ་༢༠༡༩ཟླ་༤་ཚེས་༤ཉིན་ལྡི་ལི་ནས་སྤྱི་ཚོགས་དང་། སེམས་མྱོང་། སྤྱོད་བཟང་ངམ་ཆོས་ལུགས་ལ་མ་བརྟེན་པའི་སྤྱོད་བཟང་ཞེས་པའི་ཤེས་ཡོན་སློབ་གསོའི་ལས་འཆར་ཞིག་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཐོག་ནས་དབུ་འབྱེད་གནང་རྒྱུ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདི་གོ་མཚོན་མེད་པ་ཞིག་དང་དྲག་སྤྱོད་མེད་པ་ཞིག་བཟོ་དགོས་པ་བཀའ་གནང་བ་དང་། འཛམ་གླིང་འདིའི་ནང་མི་གསོད་ཁྲག་སྦྱོར་ལ་སོགས་པའི་དཀའ་ངལ་མང་དག་ཞིག་མིས་བཟོས་པ་ཡིན་སྟབས། དཀའ་ངལ་སེལ་རྒྱུ་དེ་ཡང་མི་རང་ཉིད་ནས་སེལ་དགོས་པ་ཞིག་ཡིན་ཅིང་། འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་ལས་སྨོན་ལམ་རྒྱབ་ནས་འགྲུབ་རྒྱུ་མེད་པ་ཡིན་པ་བཀའ་གནང་ཡོད་པ་རེད།
ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དཀའ་རྙོག་ཁག་ནི་ནང་སེམས་ཀྱི་བྱམས་བརྩེ་ལ་སོགས་པ་བཟང་པོའི་རིན་ཐང་གིས་མ་འདེངས་པའི་ཐོག་ནས་ཡོང་གི་ཡོད་སྟབས། རིན་ཐང་དེ་དག་ཤེས་ཡོན་བརྒྱུད་ནས་འགྲུབ་རྒྱུ་ཞིག་རེད་ཅེས་བཀའ་སྩལ་གནང་སོང་།
ཆོས་ལུགས་ལ་མ་བརྟེན་པའི་སྤྱོད་བཟང་གི་ཤེས་ཡོན་སློབ་གསོའི་ལམ་ལུགས་འདི་ནི་ཆོས་ལ་བརྟེན་མི་དགོས་པའི་དོན་ཞིག་མིན་པར་གཙོ་བོ་ཆོས་ཁས་ལེན་མཁན་དང་མི་ལེན་མཁན་ཚང་མས་བྱམས་བརྩེ་ཉམས་ལེན་བྱེད་ཐུབ་པ་དང་བྱེད་དགོས་པའི་དོན་དུ་དམིགས་པ་ཞིག་ཡིན་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ནས་ཡང་དུ་བཀའ་གནང་ཡོད་ལ། དེ་ཡང་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་བྱམས་པ་དང་བརྩེ་བ། བཟོད་སྲན་དང་ཕན་སེམས་སོགས་མི་སྒེར་དང་སྤྱི་ཚོགས་གཉིས་ཀ་ཞི་བདེ་ལྡན་པར་ངེས་པར་མཁོ་བའི་ཤེས་ཡོན་སློབ་གསོ་སྤྲད་པའི་སྲོལ་མེད་སྟབས། སྤྱི་ཚོགས་ཞི་བདེ་ལྡན་པ་ཞིག་འབྱུང་རྒྱུར་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་རིན་ཐང་ཁག་ཆུང་བྱིས་པའི་དུས་ནས་བསྐྱེད་སྲིང་དགོས་པ་དང་། དེ་ཡང་ཤེས་ཡོན་ལམ་ལུགས་སམ་འཆར་གཞི་ལྡན་པའི་ཤེས་ཡོན་སྤྲད་ཐུབ་པ་ཞིག་འབྱུང་ཚེ་རིམ་པས་གང་ཟག་སྒེར་གྱི་བསམ་བློ་ཞི་བདེ་ཅན་དུ་འགྱུར་བ་ཙམ་མ་ཟད། དེའི་ཤུགས་རྐྱེན་ཁྱིམ་ཚང་དང་སྤྱི་ཚོགས། ཡུལ་གྲུ། དེ་ནས་རིམ་པས་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ཁྱབ་ཐུབ་པ་ཡོང་རྒྱུ་ཡིན་པ་བཀའ་གནང་བཞིན་ཡོད་པ་རེད།
ད་ལྟའི་ཤེས་ཡོན་གྱི་ལམ་ལུགས་འདིས་འཛམ་གླིང་ཞི་བདེ་ཡོང་ཐུབ་ཀྱི་མེད་པ་འདི་ནི་གཙོ་བོ་བྱམས་བརྩེའི་སློབ་གསོ་མ་གདེངས་བས་རྐྱེན་གྱི་ཡིན་སྟབས་སྤྱིར་ཆོས་ལུགས་ཚང་མས་བྱམས་སྙིང་རྗེའི་སྐོར་གསུང་གི་ཡོད་ཀྱང་། འཛམ་གླིང་འདིའི་ནང་མི་འབོར་ཐེར་འབུམ་ཅིག་ཙམ་ཡོད་པའི་ནང་ཆོས་ཁས་མི་ལེན་མཁན་ཡང་ཡོད་ཙང་ཁོང་ཚོས་སྐབས་རེར་བྱམས་སྙིང་ཟེར་བ་དེ་ཆོས་དང་འབྲེལ་བ་ཡོད་པ་རེད་བསམ་མ་སྲིད་པ་མིན་སྟབས་སྔོན་འགྲོ་སློབ་གྲ་ནས་འགོ་བཙུགས་ཀྱིས་ཤེས་ཡོན་སྒྲོམ་གཞིའི་ནང་ཆོས་ལུགས་གང་ཞིག་ལ་ངེས་པར་མི་བརྟེན་པའི་སྤྱོད་བཟང་གི་སློབ་གསོ་ཞིག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་གནང་སོང་།
ཨ་མི་རི་ཀ་དང་ཀེ་ན་ཌ། དེ་བཞིན་ཡོ་རོབ་ཀྱི་ཡུལ་གྲུ་ཁག་གཅིག་གི་ནང་དེ་སྔོན་ནས་སྤྱི་ཚོགས་དང་སེམས་མྱོང་འབྲེལ་བའི་ཤེས་ཡོན་སྤྲོད་པའི་སྲོལ་ཞིག་ཡོད་མུས་ཡིན་ན་ཡང་། བྱམས་བརྩེ་གཞི་ལ་བཞག་པའི་སྤྱོད་བཟང་གི་ཉམས་ལེན་གྱི་ཆ་དེ་མེད་སྟབས་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭས་ཚན་རིག་ཞིབ་འཇུག་བརྒྱུད་སྤྱོད་བཟང་ཉམས་ལེན་གྱི་ཆ་དེ་ཁ་སྐོང་བྱུང་བ་དེས་ཕན་རླབས་ཆེན་པོ་ཡོང་རྒྱུ་ཡིན་པ། སེམས་ཁམས་ཚན་རིག་པ་གྲགས་ཅན་འབུམ་རམ་པ་ཌ་ནིཡལ་གྷོལ་མན་གྱིས་ཐད་གཏོང་དྲ་ལམ་ནས་གསུངས་ཡོད་པ་དང་། ད་དུང་ད་རེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་སྤྱོད་བཟང་གི་སློབ་གསོའི་ལས་འཆར་འདི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཐོག་དབུ་འབྱེད་གནང་ཐུབ་པ་འདི་མ་འོངས་གཞོན་སྐྱེས་ཚོར་ཕན་ཐོགས་ཆེན་པོ་ཡོང་བའི་རེ་ཡོད་ཅེས་གསུང་གནང་སོང་།
བྱམས་བརྩེ་དང་བློ་གྲོས་སྤེལ་ཐབས་ཀྱི་སློབ་གསོའི་སྒྲོམ་གཞི་ནི་གཙོ་བོ་བློ་གྲོས་དང་སྙིང་རྗེ། ཉམས་ལེན་དངོས་བཅས་ཁག་གསུམ་དུ་དབྱེ་བ་ཞིག་ཡིན་འདུག་ཅིང་། དེ་ཡང་བློ་གྲོས་ཀྱི་རྩལ་ལས་རང་གི་རང་ལ་ཡིད་ཆེས་དང་རང་རྒྱུད་རང་ཤེས་ཀྱིས་འཕེལ་ཐུབ་པ། ཕན་ཚུན་བསམ་ཤེས་ཀྱི་ནུས་པ་ཆེ་རུ་གཏོང་ཐུབ་པ། རྟེན་འབྲེལ་གྱི་རང་བཞིན་ལ་བརྩི་མཐོང་སླེབས་ཐུབ་པ་ཡོང་རྒྱུ་ཡིན་པ་གསལ་འདུག་ལ། རང་གི་རང་ལ་ཡིད་ཆེས་སླེབས་ཐུབ་པ་དེས་རང་ལ་དམིགས་པའི་ཤ་ཚ་སླེབས་ཐུབ་རྒྱུ་དང་། དེ་བརྒྱུད་རང་ཉིད་ཐོག་ཉེས་བཅད་སྡོམ་པའི་ཚུལ་ཁྲིམས་སྲུང་ཐུབ་པ་ཡོང་རྒྱུ། ཡང་ཕན་ཚུན་བསམ་ཤེས་ཀྱི་ཐོག་ནས་གཞན་ལ་དམིགས་པའི་སྙིང་རྗེ་གོང་མཐོར་གཏོང་ཐུབ་པ་དང་གཞན་ལ་འབྲེལ་གཏུགས་ཀྱི་ནུས་རྩལ་ཆེ་རུ་གཏོང་ཐུབ་རྒྱུ་ཡིན་འདུག རྟེན་འབྲེལ་ལ་བརྩི་མཐོང་སླེབས་པའི་ཐོག་ནས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་བརྟན་པོ་བཟོ་ཐུབ་རྒྱུ་མ་ཟད། ཚོགས་སྡེའམ་གོ་ལ་སྤྱི་ལ་ཕན་པའི་ལས་དོན་སྒྲུབ་མཁན་ཞིག་འབྱུང་ཐུབ་རྒྱུ་ཡིན་པ་བཀོད་འདུག
རྒྱལ་སྤྱིའི་ནང་ཆེས་སྙན་གྲགས་ཆེ་བའི་སྤྱི་ཚོགས་དང་མྱོང་ཚོར་སྦྱོང་བརྡར་མཁས་ལས་པ་དང་ ལོ་ངོ་༤༠ལྷག་རིང་ཤེས་ཡོན་ལས་རིགས་ལ་ཉམས་མྱོང་ཅན་འབུམ་རམ་པ་ལིནཊ་ལན་ཊ་རི་ལགས་ཀྱིས། སེམས་ཀྱི་སློབ་གསོའི་ནང་སྤྱི་ཚོགས་དང་མྱོང་ཚོར་ཞེས་པའི་གཏིང་ཟབ་པོའི་ཤེས་ཡོན་ལས་འཆར་འདི་བརྒྱུད་ནས་སློབ་ཕྲུག་ཚོས་སོ་སོར་དཀའ་ངལ་འཕྲད་སྐབས་གདོང་ལེན་བྱེད་སྟངས་དང་།  མ་འོངས་མི་རབས་ཚོ་སྤྱོད་བཟང་ལྡན་པའི་མི་རབས་ཤིག་ཡོང་བར་ཕན་ཐོག་ཡོང་རྒྱུ་ཡིན་པའི་དགོངས་ཚུལ་གསུངས་ཡོད་པ་རེད།
སེམས་ཁམས་རིག་པ་བ་དང་སཱི་ཤེས་ཡོན་ལམ་ལུགས་ནང་ཞིབ་འཇུག་ཐོག་ཕྱག་ལས་གནང་མཁན་ཀེན་སྦར་ལི་ཤནོརཌ་རེ་ཆལ་ལགས་ཀྱིས། ༧གོང་ས་མཆོག་གིས་ལོ་མང་ནས་དགོངས་གཞི་ཡོད་པའི་ཕྲུ་གུ་ཚོར་སྤྱོད་བཟང་གི་སློབ་གསོ་དགོས་གལ་གཟིགས་པ་དེ་ད་ཆ་དངོས་སུ་ཤེས་ཡོན་ལས་འཆར་གྱི་ངོ་བོར་ལག་བསྟར་ཐུབ་ཡོད་པ་མ་ཟད། འཛམ་གླིང་ནང་གི་ཚོགས་སྡེ་ཆེ་ཁག་ནས་ཀྱང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པའི་སྐོར་གསུངས་ཡོད་པ་རེད།
གསར་འགོད་ལྷན་ཚོགས་མ་འཚོགས་སྔོན་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནས་ཆེད་དུ་འདུས་པའི་སློབ་ཕྲུག་ཁག་གཅིག་ལ་སྤྱི་ཁྱབ་རིན་ཐང་ཞེསཔའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་སྐབས།  འཛམ་གླིང་ནང་གི་དཀའ་ངལ་ཁག་ནི་དཀོན་མཆོག་གིས་བཟོས་པ་ཞིག་མིན་སྟབས། དཀོན་མཆོག་ལ་གསོལ་འདེབས་སྨོན་ལམ་བྱེད་པ་ལས་དཀའ་ངལ་སེལ་ཐུབ་རྒྱུ་མིན་ཞིང་། གཙོ་བོ་ཤེས་ཡོན་ལ་བརྟེན་ནས་སེམས་ལ་བཟོ་བཅོས་བྱེད་པ་ཁོ་ནའི་ཐོག་ནས་སེལ་ཐུབ་པ་ཡིན་པ་བཀའ་གནང་ཡོད་པ་རེད།
ད་རེས་ཆོས་ལུགས་ལ་མ་བརྟེན་པའི་སློབ་གསོའི་ལས་འཆར་རམ་སྤྱི་ཚོགས་དང་། སེམས་མྱོང་། སྤྱོད་བཟང་གི་ཤེས་ཡོན་ལས་འཆར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཐོག་ནས་དབུ་འབྱེད་ཀྱི་ཚོགས་འདུའི་ཐོག༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཆེན་པོ་ཡོད་པ་ཆུང་དུས་དབྱིན་ཇིའི་དམག་མི་ཞིག་གིས་མིག་ལ་འགྱིག་གི་མདེའུ་རྒྱབ་ནས་ལོང་བར་གྱུར་བ་ཪི་ཆརཌ་མཱུར་ཡང་ཕེབས་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་དམིགས་བསལ་འཚམས་འདྲི་མཛད་པ་དང་ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་རས་ལ་རེག་པའི་ཐོག་ནས་ཞལ་གདངས་རྒྱས་པོ་ཡོད་པ་ཞུས་ཡོད་པ་རེད།
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རི་ཆརཌ་མཱུར་ནི་དཔའ་བོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་བཀའ་གནང་པ་དང་སྦྲགས་གསར་འགོད་པ་ཚོར་ངོ་སྤྲོད་གནང་ཡོད་པ་རེད།
སྐུ་ཞབས་རི་ཆརཌ་མཱུར་ལ་ཆུང་དུས་དབྱིན་ཇིའི་དམག་མི་མེ་མདའ་རྒྱབ་མཁན་དེར་ཁྲོ་བ་རྩ་བ་ནས་མེད་པར་སྙིང་རྗེ་དང་བཟོད་བསྲན་གནང་པར་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ནི་ཁ་ཡོད་ལག་ཡོད་ཀྱི་བྱམས་བརྩེའི་ཉམས་ལེན་ཞིག་ཡིན་པར་ངོས་འཛིན་གནང་ཡོད་པ་རེད།
བྷ་ན་ར་སི་གཙུག་ལག་སློབ་གཉེར་ཁང་གི་ལྟ་གྲུབ་དང་ཆོས་ལུགས་སྡེ་ཚན་གྱི་སློབ་དཔོན་(Sachin Danan Meshra)ལགས་ཀྱིས། དེང་གི་འཛམ་བུ་གླིང་འདིའི་ནང་ཕྱིའི་དངོས་པོ་ཡར་རྒྱས་ཤུགས་ཆེན་ཕྱིན་ཡོད་ཀྱང་སེམས་མྱོང་རིག་རྩལ་གྱི་སློབ་གསོ་ཉུང་དྲག་པའི་རྐྱེན་གྱིས་དཀའ་ངལ་འཕྲད་བཞིན་ཡོད་པ་རེད། འཕྲུལ་རིག་ཡར་རྒྱས་འགྲོ་བཞིན་ཡོད་པ་ལྟར་ང་ཚོའི་ཤེས་ཡོན་སློབ་གསོའི་མ་ལག་སོགས་ལ་ཡང་འགྱུར་བ་ཕྱིན་ཡོད་པ་མ་ཟད། སློབ་ཕྲུག་ཚོ་ཡང་སྔར་དང་མི་འདྲ་བའི་སྤྱང་གྲུང་ལྡན་པ་ཆགས་ཡོད་རེད། འོན་ཀྱང་། སྤྱི་ཚོགས་ནང་ད་དུང་དཀའ་ངལ་རིམ་པ་མང་པོ་ཞིག་འཕྲདབཞིན་ཡོད་པའི་རྒྱུ་རྐྱེན་གཙོ་བོར་ནི།  ང་ཚོའི་ཤེས་ཡོན་སློབ་གསོ་ནང་སེམས་མྱོང་རིག་རྩལ་གྱི་སློབ་གསོ་ཉུང་དྲགས་པའི་དབང་གིས་རེད་འདུག དེར་བརྟེན་ད་ཐེངས་ཀྱི་ཤེས་ཡོན་སློབ་གསོ་འདི་ལྟ་བུ་ནི་འཛམ་གླིང་ཁྱོན་ཡོང་ལ་ཕན་ཐོགས་ཡོད་པའི་ལས་འཆར་ཞིག་རེད་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཡང་བྷ་ན་ར་སི་ཧིན་རྡུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་(Pritam Nisha Singh)ལགས་ཀྱིས། དེང་གི་འཛམ་གླིང་ནང་སྤྱོད་བཟང་གི་སློབ་གསོ་འདི་ལྟ་བུ་དགོས་གལ་ཆེ་པོ་རེད་འདུག་ལ་ང་རང་ཡང་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་། ལྷག་པར་དུ་ལས་འཆར་དེ་ནི་རྒྱ་གར་གྱི་མནའ་རབས་ཀྱི་རིག་གཞུང་དང་འབྲེལ་བ་ཆེན་པོ་ཡོད་མ་ཟད། ད་རེས་སྤྱི་ཚོགས་དང་། སེམས་མྱོང་། སྤྱོད་བཟང་བཅས་ཀྱི་ཤེས་ཡོན་སློབ་གསོའི་ལས་བཅར་དེའི་སྒྲོམ་གཞི་དང་ནང་དོན་དངོས་སུ་མཐོང་བར་ཧ་ཅང་གི་དགའ་ཚོར་བྱུང་། ང་རང་མཐོ་སློབ་ལ་ཕྱི་ལོག་རྗེས་སློབ་གསོ་དེ་ཉིད་ལག་བསྟར་ཐུབ་པ་འབད་བརྩོན་ཏན་ཏན་ཏན་ཏན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་སོང་།
ཡང་ཁེ་ཎ་ཊ་(Canada)རྒྱལ་ཁབ་ནས་ཕེབས་པའི་(Staller Laum)ལགས་ཀྱིས། སྤྱོད་བཟང་དང་སེམས་མྱོང་འབྲེལ་བའི་ཤེས་ཡོན་སློབ་གསོ་འདིི་ཆུང་བྱིས་པའི་སྐབས་ནས་སློབ་ཁྲིད་བྱས་པ་ཡིན་ན། རིམ་པས་དེའི་ནང་དོན་ཁག་ཕྲུ་གུའི་གཤིས་རྒྱུད་ལ་སྦྱར་ནས་འཛམ་གླིང་སྤྱི་ཡོངས་ལ་ཕན་པའི་ཞབས་འདེགས་ཆེན་པོ་བསྒྲུབ་ཐུབ་ཀྱི་རེད་བསམ་གྱི་འདུག་ཅེས་གསུངས་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།