བོད་ཀྱི་གསོ་བ་རིག་པ་དེ་ཚན་རིག་དང་མཐུན་ཐབས་ཉམས་ཞིབ་ཤུགས་སྣོན་རྒྱག་དགོས། ༧གོང་ས་མཆོག་གིས།

2019-09-16
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་རྒྱུན་ལས་ཚོར་མཇལ་ཁའི་སྐབས། ༢༠༡༩།༩།༡༦
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་རྒྱུན་ལས་ཚོར་མཇལ་ཁའི་སྐབས། ༢༠༡༩།༩།༡༦
OHHDL

བོད་ཀྱི་གསོ་བ་རིག་པ་དེ་དེང་དུས་ཚན་རིག་དང་མཐུན་ཐབས་ཐད་ཉམས་ཞིབ་ཤུགས་སྣོན་རྒྱག་དགོས་པ་༧གོང་ས་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་རྒྱུན་ལས་ཚོར་བཀའ་སྩལ་འདུག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་ཕོ་བྲང་ནང་དུ་འདི་ཚེས་༡༦་ཉིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་རྒྱུན་ལས་སྐབས་ལྔ་པ་དང་གསར་པ་སྐབས་དྲུག་པའི་རྒྱུན་ལས་བཅས་པར་མཇལ་ཁའི་སྐབས། བོད་ཀྱི་རིག་གནས་ཆེ་བ་ལྔའི་ནང་གི་བོད་ཀྱི་གསོ་བ་རིག་པ་དེ། འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པས་སློབ་གཉེར་ཧུར་ཐག་བྱས་བ་ཡིན་ན་བོད་ཀྱི་རྩ་དོན་དང་རིག་གཞུང་གཉིས་ཀར་ཕན་ཐོགས་ཡོད་པ་དང་། བོད་ཀྱི་གསོ་བ་རིག་པ་དང་།  ཚན་རིག་བར་བསམ་ཚུལ་བརྗེ་རེས་དང་། ལྷག་པར་དུ་བོད་ཀྱི་གསོ་བ་རིག་དེ་ཡང་ཚན་རིག་དང་མཐུན་པའི་ཐོག་འགྲོ་རྒྱུའི་ཉམས་ཞིབ་ལས་དོན་ཐོག་མུ་མཐུད་ཤུགས་སྣོན་རྒྱག་དགོས་པའི་བཀའ་སྩལ་གནང་མཛད་འདུ བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྐབས་ལྔ་པའི་ཚོགས་གཙོ་ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སློབ་དཔོན་རག་རྡོ་བློ་བཟང་བསྟན་འཛིན་ལགས་ཀྱིས་མཇལ་ཁ་དང་འབྲེལ་བའི་སྐོར་ངོ་སྤྲོད་གནང་གསལ་དུ། སྨན་པའི་ལྷན་ཚོགས་ཀྱི་ངོས་ནས་༧གོང་ས་མཆོག་ལ་གཙོ་བོ་ལྷན་ཚོགས་ཀྱིས་སྨན་པ་དང་ཉམས་ཞིབ་པ་ཐོན་པ་ཚོ་ལྷན་ཚོགས་འོག་ལ་དེབ་བཀོད་བྱེད་རྒྱུའི་མཚོན་པའི་ཁྲིམས་དོན་གྱི་ལས་དོན་སོགས་ཀྱི་སྐོར་སྙན་སེང་ཞུས་ཡོད་ཅེས་དང་། ཡང་ཁོང་གིས་ཉེ་ལམ་ཕྱི་ཚེས་༡༡་དང་༡༢་ཉིན་གཉིས་ཀྱི་རིང་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཛམ་གླིང་ས་ཕྱོགས་གང་ས་ནས་གསོ་བ་རིག་པ་འབྲེལ་ཡོད་མི་སྣ་མང་པོ་ལྷན་འཛོམས་ཀྱིས་གསོ་བ་རིག་པའི་ཉིན་མོ་ཞེས་སྲུང་བརྩི་ཞུས་ཡོད་པ་དེ་ཡང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་ནང་གསོ་བ་རིག་པ་སླར་གསོ་གནང་བའི་ཉིན་མོ་འཁེལ་གྱི་ཡོད་པ་ངོ་སྤྲོད་གནང་གི་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།