ཨནྡྲ་མངའ་སྡེའི་ཁུལ་དུ་ཆར་ཞོད་ཀྱི་དཀའ་ངལ་འཕྲད་བཞིན་པར་༧གོང་ས་མཆོག་གིས་ཐུགས་གསོ་གསུང་འཕྲིན་བསྩལ་འདུག

2021-11-22
Share
ཨནྡྲ་མངའ་སྡེའི་ཁུལ་དུ་ཆར་ཞོད་ཀྱི་དཀའ་ངལ་འཕྲད་བཞིན་པར་༧གོང་ས་མཆོག་གིས་ཐུགས་གསོ་གསུང་འཕྲིན་བསྩལ་འདུག བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག ༡༡།༢༠༢༡
OHHDL

ཉེ་ལམ་རྒྱ་གར་གྱི་ལྷོ་ཕྱོགས་ཨནྡྲ་མངའ་སྡེའི་(Andhra Pradesh)་ས་ཁུལ་ཁག་གཅིག་ནང་། ཆར་ཞོད་ཆེན་པོ་བབས་པའི་རྐྱེན་གྱིས་མི་རྒྱུ་གཉིས་ལ་ལ་གོད་ཆག་ཆེན་པོ་བྱུང་ཡོད་པ་དང་། དེའི་ཐད་འདི་ཚེས་༢༡་ཉིན་བསྩལ་བའི་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་གསུང་འཕྲིན་ནང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇཱ་གན་མོ་ཧན་རེ་ཌེ་(Y S Jagan Mohan Reddy)་ལགས་ཀྱི་མཚན་ཐོག ཆར་ཞོད་ཀྱི་རྐྱེན་ངན་གོད་ཆག་འོག་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ནང་མི་སྤུན་མཆེད་དང་། དགའ་ཉེ་བློ་དཀར། དེ་བཞིན་ཆར་ཞོད་ཀྱི་རྐྱེན་ངན་གོད་ཆག་ཐེབས་མཁན་ཡོངས་ལ་ཐུགས་གསོ་དང་ཐུགས་སྨོན་ཞུ་རྒྱུ་ཡིན། ཨནྡྲ་མངའ་སྡེ་གཞུང་དང་རྒྱལ་ཡོངས་རྐྱེན་ངན་རོགས་སྐྱོར་ཚན་པ་ཁག་གིས་རྐྱེན་ངན་གོད་ཆགས་ཐེབས་མཁན་རྣམས་ལ་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་བཏོན་ནས་རོགས་རམ་དང་ཉེན་སྐྱོབ་གང་ཐུབ་ཅི་ཐུབ་གནང་བཞིན་པར་ངོས་ཀྱིས་ཧ་ཅང་རྗེས་སུ་ཡི་རང་དང་མཉམ། ཨནྡྲ་མངའ་སྡེའི་མི་མང་ལ་གདུང་སེམས་མཉམ་སྐྱེའི་ཆེད་དུ་ཏཱ་ལའི་བླ་མ་དགེ་རྩ་ཚོགས་པའི་ངོས་ནས་ཉེན་སྐྱོབ་ཀྱི་ལས་དོན་སླད་དུ་ཞལ་འདེབས་འབུལ་རྒྱུ་ཡིན་ཞེས། ཆར་ཞོད་ཀྱི་རྐྱེན་ངན་གོད་ཆག་ཐེབས་མཁན་ཡོངས་ལ་ཐུགས་སྨོན་མཛད་འདུག
ད་དུང་མགོན་པོ་གང་ཉིད་དེ་སྔ་ཨནྡྲ་མངའ་སྡེའི་ནང་ཐེངས་འགའ་ཆིབས་སྒྱུར་བསྐྱངས་མྱོང་ཡོད་པ་དང་། ཕྱི་ལོ་༢༠༠༦་ལོར་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཨམ་ར་ཝ་ཏི་ལ་ནས་དུས་འཁོར་དབང་ཆེན་སྩལ་སྐབས་གནས་མཇལ་བ་སྟོང་ཕྲག་མང་པོ་དུས་ཁོར་དབང་ཆེན་དང་ལྷོ་ཕྱོགས་དཔལ་གྱི་རི་སོགས་ལ་གནས་མཇལ་ཆེད་དུ་ཕེབས་ཡོད་པ་དང་། སྐབས་དེར་ཨནྡྲ་པར་དེ་ཤི་མངའ་སྡེ་གཞུང་གིས་གཏོང་ཕོད་ཆེན་པོའི་སྒོ་ནས་གནས་མཇལ་བ་སྟོང་ཕྲག་མང་པོར་མཐུན་འགྱུར་རོགས་རམ་གནང་ཡོད་པའི་སྐོར་བཀོད་འདུག

གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།