༧གོང་ས་མཆོག་གིས་ཡ་རབས་སྤྱོད་བཟང་ཐད་བཀའ་སློབ་སྩལ་འདུག

2018-09-13
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སུཝེ་ཌེན་ནང་མང་ཚོགས་ལ་བྱམས་བརྩེ་དང་འཆམ་མཐུན་སོགས་ཀྱི་སྐོར་བཀའ་སློབ་བསྩལ་སྐབས། ༢༠༡༨།༩།༡༢
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སུཝེ་ཌེན་ནང་མང་ཚོགས་ལ་བྱམས་བརྩེ་དང་འཆམ་མཐུན་སོགས་ཀྱི་སྐོར་བཀའ་སློབ་བསྩལ་སྐབས། ༢༠༡༨།༩།༡༢
OHHDL

༧གོང་ས་མཆོག་གིས་མཱལ་མོའི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ་ཆོས་ལུགས་ཀྱི་དྲ་ལས་བརྒལ་བའི་ཡ་རབས་སྤྱོད་བཟང་ཐད་བཀའ་སློབ་སྩལ་གནང་མཛད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༩ ཚེས་ ༡༣ ཉིན་ཡོ་རོབ་བྱང་མའི་ཡུལ་གྲུ་སུཝེ་ཌན་གྱི་གྲོང་ཁྱེར་མཱལ་མོའི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ་ཆོས་ལུགས་ཀྱི་དྲ་ལས་བརྒལ་བའི་ཡ་རབས་སྤྱོད་བཟང་དང་འབྲེལ་བའི་སྐོར་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་ཡོད་པ་རེད།
མཐོ་སློབ་ཁང་དེའི་ཉེ་བའི་རིགས་བདག་དང་གཙོ་འཛིན་སོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་གུས་ཆེན་པོའི་ཐོག་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཡང་ཐེངས་འདིའི་སུཝེ་ཌན་གྱི་ཆིབས་བསྒྱུར་གདན་ཞུ་ཕུལ་མཁན་ཨཡི་ཨེམ་ཟེར་བའི་རོགས་རམ་ཚོགས་པའི་གཙོ་འཛིན་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སུཝེ་ཌན་གྱི་རོགས་ཚོགས་དེ་དང་བོད་མིའི་དབར་འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་འབྲེལ་བ་ཡོད་པའི་ལོ་རྒྱུས་སྙན་སེང་ཞུས་ཡོད་པ་རེད།  
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་སྐྱབས་བཅོལ་བ་ཚོས་འདས་པའི་ལོ་ངོ་དྲུག་བཅུ་ཙམ་གྱི་རིང་བོད་ཀྱི་རིག་གཞུང་སྤྱི་དང་དམིགས་བསལ་ལོ་ངོ་སྟོང་ཕྲག་ལྷག་རིང་བོད་ཀྱི་མེས་པོ་རྣམ་པས་དར་སྤེལ་གནང་པའི་དཔལ་ན་ལནྜའི་རིག་གཞུང་དྲི་མ་མེད་པ་དེ་བདག་གཅེས་དང་རྒྱུན་འཛིན་བྱེད་བཞིན་ཡོད་པ་བཀའ་གནང་ཡོད་པ་དང་། དེ་ནི་གཙོ་ཆེ་རྒྱ་གར་གཞུང་དང་དམིགས་བསལ་བོད་པའི་སྲོལ་རྒྱུན་གྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཐབས་དང་བོད་ཕྲུག་ཚོར་དེང་དུས་ཀྱི་ཤེས་ཡོན་འབྱུང་ཐབས་ཐད་ཐུགས་འཁུར་ཆེ་བཞེས་གནང་མཁན་རྒྱ་གར་གྱི་སྲིད་བློན་དམ་པ་ནེཧ་རུ་མཆོག་ཡིན་པ་བཀའ་གནང་པ་དང་སྦྲགས།  བོད་མིར་རོགས་སྐྱོར་གནང་མཁན་སུཝེ་ཌན་གྱི་ཨཡི་ཨེམ་གྱི་ཚོགས་པ་སོགས་ནས་ཀྱང་མཐུན་འགྱུར་ཆེན་པོ་གནང་པ་བཀའ་གནང་ཞིང་། རོགས་རམ་གནང་ཡུལ་གྱི་བོད་མི་སྐྱབས་བཅོལ་བའི་ལོ་རྒྱུས་ནི་ལམ་ལྷོང་ལྡན་པའི་གནས་སྟངས་ཤིག་ཡིན་པ་གསུངས་ཡོད པ་རེད།
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོར་རང་གི་སྐད་ཡིག་དང་རིག་གཞུང་ལོགས་སུ་ཡོད་པར་མ་ཟད། བོད་ཀྱི་སྐད་ཡིག་ནང་སེམས་ཁམས་ཀྱི་གནས་ལུགས་འགྲེལ་བཤད་ཧ་ལས་པའི་ཕྱུག་པོ་ཞིག་ཀྱང་ཡིན་པ་གསལ་བཤད་གནང་འདུག
ཤེས་ཡོན་གྱི་ལམ་ནས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ནང་ཞི་བདེ་རྒྱུན་གནས་ཐུབ་ཐབས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་སྐབས། ཞི་བདེ་ནི་སེམས་རྒྱུད་ལ་འགྱུར་བ་གཏོང་བའི་ཐོག་ནས་ཡོང་དགོས་པ་བཀའ་གནང་པ་དང་། དེ་ཡང་གཞན་གྱི་བདེ་བ་དོན་དུ་གཉེར་འདོད་ཀྱི་བྱམས་བརྩེའི་བསམ་བློའི་ཐོག་ནས་ཡོང་དགོས་པ་བཀའ་གནང་ཞིང་། མི་སུ་འདྲ་ཞིག་ཡིན་ཡང་རང་ཉིད་འཚོ་གནས་ཀྱི་ཆེད་གཞན་གྱི་དྲིན་ལ་རྟེན་དགོས་པ་དང་དེང་དུས་ཚན་རིག་པ་ཚོས་མིའི་རང་བཞིན་ནི་བྱམས་བརྩེ་ཡིན་པ་བརྗོད་བཞིན་ཡོད་སྟབས། བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་ནི་ཚན་རིག་དང་མཐུན་པ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།  
འོན་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནི་གཙོ་བོ་ཕྱི་དངོས་པོ་ཡར་རྒྱས་གཏོང་ཐབས་ཁོ་ནའི་ཆེད་ཡིན་པ་ལས། བྱམས་བརྩེ་ལ་སོགས་པ་མིའི་སེམས་ཀྱི་ཡོན་ཏན་སྐྱེད་སྲིང་བྱེད་པའི་ཤེས་ཡོན་ལམ་ལུགས་མེད་པའི་སྐྱོན་ཆ་ཆེན་པོ་ཡོད་པ་བཀའ་གནང་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མས་བྱམས་བརྩེའི་བསླབ་བྱ་གསུང་གི་ཡོད་ན་ཡང་། ཤེས་ཡོན་ལམ་ལུགས་ནང་བྱམས་བརྩེའི་སྐོར་ངེས་པར་དུ་ཆོས་ལུགས་ལ་བརྟེན་ནས་ཡོང་མི་དགོས་པར་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་འབྲེལ་བ་ཡོད་པའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྒྱ་ཕྲག་བཅུ་དགུ་དང་ཉི་ཤུའི་ནང་མི་གསོད་ཁྲག་སྦྱོར་ཧ་ལས་པའི་ཆེན་པོ་བྱུང་ཡོད་པར་མ་ཟད། དེང་དུས་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་མང་དག་ཞིག་ནི་དཀའ་དུས་རབས་སྔ་མ་རྣམས་ལས་བྱུང་བའི་ཤུལ་ལྷག་ལྟ་བུ་ཡིན་སྟབས། དུས་རབས་ཉི་ཤུ་རྩ་གཅིག་པ་འདི་ཞི་བདེ་དང་བྱམས་བརྩེ་ལྡན་པ། དཀའ་རྙོག་ཁག་གྲོས་མོལ་དང་བགྲོ་གླེང་གི་ལམ་ནས་སེལ་ཐུབ་པ་ཞིག་ཡོང་རྒྱུར་དེང་དུས་གཞོན་སྐྱེས་ཚོར་དམིགས་བསལ་གྱི་འགན་འཁུར་ཡོད་པ་ཞིག་ཡིན་པའི་བཀའ་སློབ་ཕེབས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།