༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་ཐེ་ཝན་གྱི་དད་ལྡན་ཚོར་ཆོས་འབྲེལ་སྩལ།

2019-04-01
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་ཐེ་ཝན་གྱི་དད་ལྡན་ཚོར་ཆོས་འབྲེལ་སྩལ་སྐབས། ༢༠༡༩།༣།༣༡
༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་ཐེ་ཝན་གྱི་དད་ལྡན་ཚོར་ཆོས་འབྲེལ་སྩལ་སྐབས། ༢༠༡༩།༣།༣༡
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཐེ་ཝན་གྱི་རྒྱ་རིགས་ཚོར་དུས་རབས་ཉེར་གཅིག་པའི་ནང་པ་གནང་དགོས་པའི་བཀའ་སྩལ་འདུག
དེ་ཡང་སྤྱི་ཟླ་༣པའི་ཚེས་༣༡ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཐེ་ཝན་གྱི་སེར་སྐྱ་ཕོ་མོ་ལྔ་སྟོང་ཙམ་ལ་དྲ་ལམ་བརྒྱུད་གསུང་ཆོས་གནང་སྐབས། རྒྱ་རིགས་རྣམས་ནི་དུས་རབས་ཉེར་གཅིག་པའི་ནང་པ་དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས། ནང་པའི་གཞུང་གི་སེམས་ཁམས་རིག་པ་དང་ལྟ་གྲུབ་ཀྱི་རྣམ་གཞག་གཏིང་ཟབ་ཡོད་པ་ཚོར་དབང་པོ་རྣོན་པོའི་ལམ་ནས་དཔྱད་པ་གནང་རྒྱུ་གལ་ཆེ་བ་དང་དུས་རབས་ཉེར་གཅིག་པའི་ནང་པ་གནང་དགོས་པ བཀའ་སྩལ་ཡོད། ད་དུང་མགོན་པོ་གང་ཉིད་ཀྱིས་ཚན་རིག་པ་རྣམས་དང་གོ་བསྡུར་གྱི་ཉམས་མྱོང་ལས། སེམས་ཁམས་རིག་པའི་ཐོག་ནས་ཚན་རིག་པ་ཚོར་བློ་བསྐྱེད་གསར་པ་རག་ཡོད་པ་དང་། དངོས་ཁམས་ཚན་རིག་གི་ཐོག་ནས་ནང་པ་ཚོར་བློ་བསྐྱེད་རག་ཡོད་པ་ངོ་སྤྲོད་གནང་ཡོད།
སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡུན་རིང་ཐེ་ཝན་དུ་ཕེབས་ཐུབ་མེད་པར་བརྟེན་ཐེ་ཝན་ལ་ཡོད་པའི་གྲུབ་མཐའ་རིས་མེད་ཀྱི་ཐེ་ཝན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཐེངས་དང་པོར་དྲ་རྒྱའི་ཐད་གཏོང་བརྒྱུད་ལམ་གྱི་ཐོག་ནས་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་ཆོས་འབྲེལ་བསྐྱངས་གནང་མཛད་པ་ངོ་སྤྲོད་གནང་ཡོད།
སྐབས་དེར་ཐེ་ཝན་གྱི་རྒྱལ་ས་ཐེ་པེའི་ནང་གི་ཚོགས་ཁང་ཞིག་ཏུ་མི་སྐྱ་ཕོ་མོ་སུམ་སྟོང་ལྔ་བརྒྱ་ལྷག་དང་། ཐེ་ཝན་ལྷོ་ཕྱོགས་དུ་གྲྭ་བཙུན་བདུན་བརྒྱ་ལྷག་དང་མི་སྐྱ་ཕོ་མོ་ཚུད་མི་གྲངས་ཉིས་སྟོང་བརྒལ་བ་བཅས་ཁྱོན་བསྡོམས་མི་གྲངས་ལྔ་སྟོང་ལྔ་བརྒྱ་ཙམ་ལ་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་ལ་བཅར་ཡོད་པ་ངོ་སྤྲོད་གནང་ཡོད།
ཐེ་ཝན་གྱི་རྒྱ་རིགས་ཚོར་རྡ་རམ་ས་ལ་ནས་དྲ་ལམ་བརྒྱུད་གསུང་ཆོས་གནང་དོན་ནི། ༧གོང་ས་མཆོག་ས་ཐག་རིང་པོར་གནམ་གྲུ་ལ་བཞུགས་རྒྱུར་སྐུ་ངལ་ཡོད་པ་དང་། ཐེ་ཝན་དང་རྒྱ་ནག་གི་འབྲེལ་བ་སོགས་ཆབ་སྲིད་ཀྱི་དབང་གིས་ཐེ་ཝན་ལ་ཡུན་རིང་ཕེབས་མ་ཐུབ་པས་ཡིན་པ་༧གོང་ས་མཆོག་ནས་གསལ་བཤད་ཕེབས་ཡོད་པ་དང་། གསུང་ཆོས་འདིར་རྒྱ་ནག་སྐམ་སའི་ཚོགས་པ་ཞིག་ཀྱང་མངོན་ཆུང་གི་སྒོ་ནས་ཉམས་ཞུགས་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།