རྒྱལ་ཁབ་ཁག་༦༠་ལྷག་གི་ཆོས་ཞུ་བ་༧གོང་ས་མཆོག་གི་གསུངས་ཆོས་ཞུ་བར་འབྱོར་འདུག


2019.05.09
༧གོང་ས་མཆོག་གི་གསུངས་ཆོས་སྐབས་ཆོས་ཞུ་བ། ༢༠༡༨།༡༠།༤ ༧གོང་ས་མཆོག་གི་གསུངས་ཆོས་སྐབས་ཆོས་ཞུ་བ། ༢༠༡༨།༡༠།༤
OHHDL

ར་ཤེ་ཡ་གཙོས་རྒྱལ་ཁབ་འདྲ་མིན་༦༤ཙམ་ནས་ཆོས་ཞུ་བ་༧གོང་ས་མཆོག་གི་རྒྱུད་བླ་མའི་གསུང་ཆོས་ཞུ་བར་བཞུགས་སྒར་རྡ་རམ་ས་ལར་འབྱོར་འདུག།
ར་ཤེ་ཡའི་དད་ལྡན་སེར་སྐྱ་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱི་ཟླ་༥པའི་སྤྱི་ཚེས་༡༠་ནས་༡༢བར་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་རྒྱུད་བླ་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་ཞིང་། གསུང་ཆོས་སུ་རྒྱལ་ཁབ་ནས་དད་ལྡན་ཆོས་ཞུ་༩༠༠ ལྷག་ཆེད་བཅར་ཞུས་འདུག་ལ། དེ་མིན་རྒྱལ་ཁབ་ཁག་༦༤ ཙམ་ནས་ཆོས་ཞུ་བ་༧༠༠༠ ཙམ་གྱིས་གསུང་ཆོས་དེབ་སྐྱེལ་ཞུས་ཟིན་པ་རེད་འདུག
གསུང་ཆོས་འགོ་འཛུགས་གནང་བར་ཉིན་གཅིག་གི་གོང་། དད་ལྡན་ཞུ་བ་ཚོས་བཞུགས་སྒར་རྡ་རམ་ས་ལའི་ཁྲོམ་གཞུང་གི་ཉེ་འཁྲིས་སུ་ཆགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ཡན་ལག་ལས་ཁུངས་སུ། འཚང་ཀ་ཤིག་ཤིག་ངང་བང་སྒྲིག་སྟེ་བདེ་སྐྱེལ་བྱེད་བཞིན་ཡོད་པའི་སྐབས་དེར་ཨིསྀ་རཡེལ་(Israel)རྒྱལ་ཁབ་ནས་ཕེབས་པའི་ཇཱུ་(Jewish)ཆོས་ལུགས་ཀྱི་རྗེས་འབྲང་པ་ཨོམ་རི་ཝེར་ནུསྀ་(Omri Wernus)ལགས་ཀྱིས། ངས་བསམ་པར་ད་ལྟ་༧གོང་ས་ཏཱ་ལའི་བླ་མ་སྐུ་འཚོ་བཞུགས་སྐབས། མཇལ་རྒྱུ་བྱུང་བར་སྐལ་བ་བཟང་པོ་རེད་བསམ་གྱི་འདུག མ་ཟད་རྒྱུན་དུ་༧གོང་ས་ཏཱ་ལའི་བླ་མའི་བཀའ་སློབ་ལམ་སྟོན་ཡང་ནས་ཡང་དུ་ཞུ་གི་ཡོད་པ་གསུངས་ཡོད་པ་རེད།
ཐེངས་འདིའི་རྒྱུད་བླ་མའི་གསུང་ཆོས་གོ་སྒྲིག་གནང་མཁན་གཙོ་བོ་གསུམ་སྟེ། ར་ཤེ་ཡའི་ཁོངས་ཏོག་སོག་རིག་སྦུར་ཡཏ་ (Buryatia)ནང་པའི་ཆོས་ཚོགས་དང་། མོསྀ་ཀོ་(Moscow)ནང་གི་བོད་ཀྱི་རིག་གཞུང་དང་དྲིལ་བསྒྲགས་ལྟེ་གནས་ཁང་། བོད་སྐྱབས་ཞེས་པའི་ཐེབས་རྩ་བཅས་ཡིན་འདུག  ར་ཤེ་ཡའི་སོག་རིག་ཡུལ་གྲུ་སྦུར་ཡཏ་དང་ཏུ་ཝ། ཀཱལ་མིཀ་སོགས་ཀྱི་ཡུལ་མི་གཙོ་ཆེ་ནང་པ་ཡིན་པར་མ་ཟད། ༧རྒྱལ་དབང་༧སྐུ་ཕྲེང་རིམ་བྱོན་དང་ལོ་ངོ་ ༤༠༠ ལྷག་གི་འབྲེལ་བ་ཡོད་པ་རེད།
རྣམ་ཀུན་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་སུ་བཅར་མཁན་ཡོངས་རྫོགས་ནང་པ་མིན་ཞིང་། ད་རེས་ར་ཤེ་ཡ་ནང་ཆེད་བཅར་ཞུ་མཁན་གྱི་ཁོངས་སུ་ཡང་ནང་མིན་ཡང་དོན་གཉེར་ཅན་པའི་མི་སྣ་གང་ཙམ་ཡོད་པ་རྒྱུད་བླ་མའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཨི་ནོ་ཛེམ་ཚེ་ཝ་(Inozemtseva)ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎