བོད་མི་དང་ཧི་མཱ་ལ་ཡའི་རི་རྒྱུད་ཁུལ་གྱི་ཆོས་ཞུ་བ་ཚོས་བཀའ་ཆོས་ཞུ་བའི་ཕྱག་འཁྱེར་ཞུ་དགོས་ཀྱི་མེད་པ་བསྒྲགས་འདུག

2023.11.21
བོད་མི་དང་ཧི་མཱ་ལ་ཡའི་རི་རྒྱུད་ཁུལ་གྱི་ཆོས་ཞུ་བ་ཚོས་བཀའ་ཆོས་ཞུ་བའི་ཕྱག་འཁྱེར་ཞུ་དགོས་ཀྱི་མེད་པ་བསྒྲགས་འདུག གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གི་གསུང་ཆོས་སྐབས། ༡༢།༢༩།༢༠༢༢
OHHDL

བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ། ཕྱི་ལོ་༢༠༢༣་ལོའི་ཟླ་༡༢པའི་ཟླ་མཇུག་ནས་བཟུང་གསུང་ཆོས་སྩལ་གཏན་འཁེལ་ཡོད་པ་བཞིན། དེར་གྲྭ་བཙུན་དང་། རང་ལོ་༧༠ཡན་གྱི་བགྲེས་སོང་། དབང་པོ་སྐྱོན་ཅན། རྒྱ་གར་བ། ཕྱི་རྒྱལ་བ་བཅས་ལ་གསུང་ཆོས་ཞུ་བའི་ཕྱག་འཁྱེར་འབུལ་རྒྱུ་ཡིན་པ་དང་། བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་ཆོས་ཞུ་བ་རྣམས་ཀྱིས་ཕྱག་འཁྱེར་བཟོ་དགོས་ཀྱི་མེད་པ་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་འདི་ཚཞེས་༢༠ཉིན་གསལ་བསྒྲགས་སྤེལ་འདུག
གསལ་བསྒྲགས་ནང་། ཕྱག་འཁྱེར་ཞུ་དགོས་བ་ཚོར་ཕྱག་འཁྱེར་ཞུ་བདེའི་སླད་དྲྭ་བྱང་སྤྱི་ཟླ་༡༡པའི་ཚེས་༡༥ཉིན་ནས་སྒོ་ཕྱེས་ཡོད་པ་(www.dalailamateaching.com)་གི་ཐོག་ནས་ཐོ་འགོད་དང་། རྗེས་སུ་སོ་སོའི་ངོ་སྤྲོད་ཡིག་ཆ་ཕྱི་བསྐྱོད་ལག་འཁྱེར་གྱི་མཚོན་པས་(Passport/Aadhaarcard/VoterID/GreenBook/RC)་བཅས་གང་རུང་མཉམ་འཁྱེར་གནང་སྟེ། རྡོར་གདན་གསུང་ཆོས་ཐོ་འགོད་ཁང་དུ་ངོ་བཅར་གྱིས་ཕྱག་འཁྱེར་བཞེས་དགོས་པ་དང་། དྲྭ་རྒྱ་བེད་སྤྱོད་གཏོང་མི་ཤེས་མཁན་ཚོས་རྡོར་གདན་ཐོ་འགོད་ཁང་དུ་ངོ་བཅར་གྱིས་དེ་སྔ་བཞིན་གསུང་ཆོས་ཕྱག་འཁྱེར་ཞུ་འཐུས་ཆོག་པ་གསལ་འདུག
བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཚེ་རིང་དར་རྒྱས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་ལོ་བདུན་ཅུ་ཡར་འདབས་དང་། དབང་པོ་སྐྱོན་ཅན་སོགས་ལ་གསུངས་ཆོས་རྭ་བར་སྡོད་ས་དམིགས་བསལ་ཕུལ་གྱི་ཡོད་པས། ལུས་བཤེར་མ་གཏོགས་གསུང་ཆོས་ཕྱག་ཁྱེར་བཟོ་མི་དགོས་པའི་སྐོར་འགྲེལ་བརྗོད་གནང་གི་འདུག
གལ་ཏེ་ཆོས་ཞུ་བ་སུ་ཞིག་གིས་དེ་སྔ་གསུང་ཆོས་ཕྱག་འཁྱེར་ཞུས་ཡོད་ཚེ། དེ་སྔའི་གསུང་ཆོས་ཕྱག་འཁྱེར་ཨང་རྟགས་(ID)་ཐོག་དོ་བདག་ངོ་བཅར་གྱིས་གསུང་ཆོས་ཕྱག་འཁྱེར་གསར་པ་བཞེས་ཆོག་གི་ཡོད་པ་རེད།
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་སྤྱི་ཟླ་༡༢པའི་ཚེས་༢༩དང་༣༠གཉིས་ལ་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་གསུང་ཆོས་རྭ་བར། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པ་བཀའ་ཁྲིད་གནང་རྒྱུ་དང་། སྤྱི་ཚེས་༣༡ཉིན་མོར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་སྩལ་རྒྱུ། སྤྱི་ལོ་༢༠༢༤ལོའི་སྤྱི་ཟླ་༡ཚེས་༡ཉིན་མོར་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སོགས་གོ་སྒྲིག་གནང་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡོ་རོབ་ཨོསི་ཊརིཡའི་གྲོས་ཚོགས་འཐུས་མི་ཞིག་གིས་བོད་ནང་གི་གཏན་འཇགས་སློབ་གྲྭའི་ཐད་ཤུགས་སྣོན་བསྐྱོན་རྒྱུ་ཡིན་པ་ཁས་ལེན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎