༧གོང་ས་མཆོག་གིས་ཆོས་ཞུ་བ་ཁྲི་ཚོ་བརྒལ་བར་ཆོས་འབྲེལ།

2016-08-19
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་སྐབས། ༢༠༡༦།༨།༡༨
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་སྐབས། ༢༠༡༦།༨།༡༨
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སུ་དད་ལྡན་ཆོས་ཞུ་བ་ཆིག་ཁྲི་བརྒལ་བར་ཉིན་བཞིའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་མཛད་གནང་ཡོད་པ་རེད།
དེ་ཡང་འདི་ཚེས་༡༩་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སུ་དད་ལྡན་པ་ཚོར་ཤེས་རབ་སྙིང་པོའི་ལུང་བསྩལ་བ་དང་། དེ་ནས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པ་དང་སྐབས་དེར་ དད་ལྡན་ཆོས་ཞུ་བ་ཆིག་ཁྲི་བརྒལ་བ་འཛོམས་ཡོད་འདུག
སྤྱི་ཟླ་༨་ཚེས་༡༨་ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་རྭ་བར་ཞབས་སོར་འཁོད་རྗེས། ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། ༧གོང་ས་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་ཡོད་མཁན་ཚོས་ཆོས་ཀྱི་ངོ་བོ་དང་ཁྱད་པར་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་ཕེབས་དོན། ཆོས་ལ་དད་པ་ཡོད་མཁན་ཚོས་ནང་པ་སངས་རྒྱས་པའི་ཆོས་དེ་གང་འདྲ་ཞིག་ཡིན་པ་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཆོས་ལ་དད་པ་ཡོད་ཀྱང་སངས་རྒྱས་པའི་ཆོས་ཀྱི་ངོ་བོ་དང་ཁྱད་པར་གང་དང་གང་ཡོད་པ་མ་ཤེས་ན། དད་པ་དེ་ཡང་ལམ་དང་ལུགས་སྲོལ་ལྟ་བུར་ཆགས་འགྲོ ང་ཚོའི་ཕ་མེས་དང་སྤྱི་ཚོགས་སུ་ནང་པ་ཡིན་ཟེར་བ་ཙམ་མ་གཏོགས་མེད། དེར་བརྟེན་སངས་རྒྱས་པའི་ཆོས་ཀྱི་ངོ་བོ་དང་ཁྱད་པར་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ང་ཚོ་དུས་རབས་ཉེར་གཅིག་པར་སླེབས་ཡོད། ང་ཚོས་ཆོས་དེ་ལམ་དང་ལུགས་སྲོལ་ལྟ་བུ་བྱས་ན་དུས་རབས་དང་མི་མཐུན་པས། སངས་རྒྱས་པའི་ཆོས་དེ་གང་འདྲ་ཞིག་ཡིན་པ་ཤེས་པར་བྱས་ནས་སོ་སོས་བསམ་བློ་ཡག་པོ་བཏང་ནས་བརྟག་དཔྱད་ཡག་པོ་བྱས་རྗེས། སངས་རྒྱས་པའི་ཆོས་དེ་ཕན་ཐོགས་འདུག་ན་ཉམས་སུ་བླངས། ཕན་ཐོགས་མེད་ན་གཡུག་ཤོག དེ་སོ་སོའི་རང་དབང་རེད། ཁྲལ་དང་ཁྲིམས་ཀྱི་བཟོ་འདྲ་བྱས་ཚེ་དགོས་མེད་ཡིན། དེར་བརྟེན་ངས་ཆོས་འབྲེལ་བྱེད་སྐབས་ག་དུས་ཡིན་ནའང་ནང་ཆོས་ངོ་སྤྲོད་དང་འགྲེལ་བཤད་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོར་མཐོང་གི་ཡོད་ཅེས་སོགས་ཀྱི་བཀའ་སློབ་ཟབ་མོ་ཕེབས་འདུག
དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱབས་འགྲོ་སེམས་བསྐྱེད་དང་ནང་ཆོས་ངོ་སྤྲོད་མཛད་ཡོད་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།