བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཐུགས་དམ་ཉམས་ཞིབ་པ་རྣམས་དང་མཇལ་མོལ།


2019-12-13
Share
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཐུགས་དམ་ཉམས་ཞིབ་པ་རྣམས་དང་མཇལ་མོལ་སྐབས། ༢༠༡༩།༡༢།༡༣ བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཐུགས་དམ་ཉམས་ཞིབ་པ་རྣམས་དང་མཇལ་མོལ་སྐབས། ༢༠༡༩།༡༢།༡༣
OHHDL

སྤྱི་ནོར་༧གོང་ས་མཆོག་གིས་ཨུ་རུ་སུའི་ཚན་རིག་པ་གཙོས་ཐུགས་དམ་ཉམས་ཞིབ་པ་རྣམས་དང་མཇལ་མོལ་གྱིས་ཐུགས་དམ་ཉམས་ཞིབ་མཇུག་སྐྱོང་དགོས་བའི་སྐུལ་མ་གནང་འདུག
ཕྱི་ཟླ་༡༢་བའི་ཚེས་༡༣་ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་ཚན་རིག་པ་དང་ནང་པའི་ཚན་རིག་པ་མཉམ་འབྲེལ་གྱི་ཐོག་ནས་ཐུགས་དམ་སྐོར་ལ་ཉམས་ཞིབ་གནང་མཁན་རྣམས་དང་ཟུར་མཇལ་བཀའ་སློབ་བསྩལ་གནང་ཡོད་པ་རེད།
དེའི་ཐད་ཨུ་རུ་སུའི་ཀླད་པའི་སྐོར་ལ་ཞིབ་འཇུག་གནང་མཁན་ཚན་རིག་པ་གྲགས་ཅན་སློབ་དཔོན་ཆེན་མོ་(Medvedev)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་མཇལ་ཁའི་སྐབས་འདས་པའི་ལོ་ ༤༠ ་ལྷག་གི་རིང་ཚན་རིག་པ་དང་འབྲེལ་བ་བགྲོ་གླེང་བྱུང་སྟངས་དང་། ལྷག་པར་དུ་ཨུ་རུ་སུའི་ཚན་རིག་པ་དང་ལྷན་དུ་ཐུགས་དམ་ཐད་ཉམས་ཞིབ་བྱེད་རྒྱུའི་ལས་གཞི་སྤེལ་བ་དག་གལ་ཆེན་ཡིན་པས། ཐུགས་དམ་ཉམས་ཞིབ་ཀྱི་ལས་དོན་མུ་མཐུད་དུ་མཇུག་སྐྱོང་གནང་དགོས་པའི་ལམ་སྟོན་དང་། མ་ཟད་དཀའ་ངལ་ཅན་གྱི་གནད་དོན་གཞན་པའི་ཐོག་ལ་ཡང་ཞིབ་འཇུག་གནང་དགོས་པའི་སྐུལ་མ་གནང་བྱུང་བ་བརྗོད་བྱུང་།
གནས་ཚུལ་དེའི་སྐོར་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་གསུངས་ན། འདི་ལོའི་ནང་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་གྲྭ་ཚང་ཁག་ནས་དགེ་འདུན་པ་སྒོམ་སྒྲུབ་ཉམས་ལེན་གནང་མཁན་སྡོམ་༩༠་ལྷག་ལ་རྟག་དཔྱད་གནང་ཡོད་པ་དེ་དག་གི་བརྒྱུད་རིམ་གྲུབ་འབྲས་སོགས་༧གོང་ས་མཆོག་ལ་སྙན་སེང་ཞུས་པའི་རྗེས་ལས་གཞི་དེའི་གལ་གནད་དང་མ་འོངས་ལས་དོན་བྱ་ཕྱོགས་ཐད་ལམ་སྟོན་གནང་ཡོད་པ་གསུངས་བྱུང་།
ལས་གཞི་དེ་ནི་གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱི་ཐོག་ཨུ་རུ་སུའི་ཚན་རིག་པ་དང་ནང་པའི་མཁས་དབང་རྣམ་པའི་དབར་དེ་སྔ་བགྲོ་གླེང་རིམ་པ་གཉིས་གནང་བ་བརྒྱུད། ཨུ་རུ་སུའི་ཚན་རིག་པ་(Medvedev)་མཆོག་ལ་༧གོང་ས་མཆོག་ནས་ཐུགས་དམ་སྐོར་ལ་ཉམས་ཞིབ་གནང་ཐུབ་པ་ཡིན་ན་ཡག་པོ་ཡོད་ཚུལ་བཀའ་གནང་བ་གཞིར་བཟུང་། ཚན་རིག་པ་སྐུ་ཞབས་(Medvedev)་ལགས་ཀྱིས་སྣེ་ཁྲིད་ནས་ཐུགས་དམ་སྐོར་ལ་ཉམས་ཞིབ་གནང་བཞིན་པ་དང་། དེར་༧གོང་ས་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་གིས་མཐུན་འགྱུར་དང་ཨུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ཨུ་རུ་སུ་བོད་སྐྱོབས་ཚོགས་པ་བཅས་ཀྱིས་འབྲེལ་མཐུད་འོག་གདན་ས་སེར་འབྲས་དགའ་གསུམ་གྱི་གྲ་ཚང་ཁག་དྲུག་གི་ཐོག་བཀྲིས་ལྷུན་པོ་དང་གཞན་ཡང་ཨུ་རུ་སུ་ནང་གི་སེན་པི་ཀྲར་བྷརཀ་གི་ནང་ཡོད་པས་མིའི་ཀླད་པའི་ཤེས་ཡོན་བསྟི་གནས་ཁང་དང་། མོས་ཀོ་གཙུག་ལག་སློབ་ཁང་སོགས་ཀྱི་ཐུན་མོང་གི་ཐོག་ནས་ཉམས་ཞིབ་གནང་བཞིན་པ་རེད།
དེ་བཞིན་ཚེས་༡༣་ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་ཚན་རིག་ལྟེ་གནས་ཁང་དུ་ཨུ་རུ་སུ་དང་ནང་པའི་དགོན་སྡེ་ཁག་ཟུང་འབྲེལ་གྱི་ལས་འཆར་སྡེ་ཚན་གྱི་རྟག་དཔྱད་ཁང་ཞིག་ཀྱང་གསར་འཛུགས་གནང་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎