བོད་ནི་རྒྱ་གར་གྱིས་ཆེས་ཐོག་མའི་སྲུང་སྐྱོབ་བྱེད་ཡུལ་གྱི་ས་ཁུལ་དེ་ཆགས་ཀྱི་ཡོད་སྐོར་༸གོང་ས་མཆོག་ནས།

2019-06-16
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོར་བོད་ཀྱི་གནད་དོན་ནི་རྒྱ་གར་གྱི་གནད་དོན་ཞིག་ཡིན་པར་བརྟེན། ཁྱེད་རང་ཚོས་དེར་དོ་སྣང་ཆེན་པོ་གནང་བར་ངོས་ཀྱིས་ཡི་རངས་ཞུ་རྒྱུ་ཡིན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོར་བོད་ཀྱི་གནད་དོན་ནི་རྒྱ་གར་གྱི་གནད་དོན་ཞིག་ཡིན་པར་བརྟེན། ཁྱེད་རང་ཚོས་དེར་དོ་སྣང་ཆེན་པོ་གནང་བར་ངོས་ཀྱིས་ཡི་རངས་ཞུ་རྒྱུ་ཡིན།
Photo: RFA

ཇི་སྲིད་བོད་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་སོགས་གསོན་པོར་གནས་པ་དེ་སྲིད་དུ་བོད་མི་ས་ཡ་དྲུག་གིས་སེམས་གཏིང་ནས་རྒྱ་གར་ལ་ཡིད་ཆེས་བློས་འགེལ་བྱེད་ཀྱི་རེད། དེར་བརྟེན་ངོས་ཀྱིས་རྒྱུན་དུ་མི་མང་ཚོར་བོད་ནི་རྒྱ་གར་གྱིས་ཆེས་ཐོག་མའི་སྲུང་སྐྱོབ་བྱེད་ཡུལ་གྱི་ས་ཁུལ་དེ་ཆགས་ཀྱི་ཡོད་སྐོར་བརྗོད་ཀྱི་ཡོད་ཅེས་་༸གོང་ས་མཆོག་ནས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཤིག་དང་མཇལ་མོལ་གནང་བའི་སྐབས་བཀའ་གནང་ཡོད་པ་རེད།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཁ་ཆེའི་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ་གྱི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལྷན་ཚོགས་དང་འབྲེལ་བའི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་འདིའི་ཟླའི་ཕྱི་ཚེས་༡༦ཉིན་གྱི་སྔ་དྲོ་མཁའ་ལམ་བརྒྱུད་བཞུགས་སྒར་རྡ་རམ་ས་ལའི་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་སྦྲགས།མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུར་བཅར་མཁན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ R K Khrimey གཙོས་ཚོགས་མི་ཁག་ཅིག་ལ་མཇལ་མོལ་གནང་སྟེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོར་བོད་ཀྱི་གནད་དོན་ནི་རྒྱ་གར་གྱི་གནད་དོན་ཞིག་ཡིན་པར་བརྟེན། ཁྱེད་རང་ཚོས་དེར་དོ་སྣང་ཆེན་པོ་གནང་བར་ངོས་ཀྱིས་ཡི་རང་ཞུ་རྒྱུ་ཡིན། ངོས་ཀྱིས་རྒྱུན་དུ་རྒྱ་གར་བ་ཚོར་ང་ཚོ་ནི་རྒྱ་གར་གྱི་སློབ་མ་ཙམ་མ་ཡིན་པར་ཡིད་བརྟན་འཕེར་བའི་སློབ་མ་ཞིག་ཡིན་ཞེས་བརྗོད་ཀྱི་ཡོད་ཅེས་བཀའ་ཕེབས་འདུག།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རྒྱའི་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཐུབ་པ་དང༌། བོད་རྒྱ་མི་རིགས་གཉིས་འདྲ་མཉམ་དང་གཅིག་ཕན་གཅིག་གྲོགས་ཀྱིས་བརྟན་ལྷིང་མཉམ་གནས་ཡོང་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་འདོན་གནང་མཛད་ཡོད་པ་ལྟར། ད་རེས་སླར་ཡང་མགོན་པོ་གང་ཉིད་མཆོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་སྐོར་བཀའ་སློབ་ཕེབས་དོན། ང་ཚོས་རང་བཙན་རྩོད་ཀྱི་མེད། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རྗེས་སུ་འབྲང་གི་ཡོད་པ་ལས། རྒྱ་ནག་གཞུང་དང་ཁ་བྲལ་རྩོད་ཀྱི་མེད། འོན་ཀྱང་། ང་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་སོགས་མུ་མཐུད་ནས་རྒྱུད་འཛིན་བྱས་ན་བོད་པའི་སྙིང་སྟོབས་དེ་མུ་མཐུད་ནས་གསོན་པོར་གནས་ཐུབ། ཆབ་སྲིད་ཀྱི་གནས་བབ་གང་ཞིག་ཡིན་ནའང་ཁྱད་པར་མེད། ཅེས་བཀའ་སྩལ་འདུག

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེང་སང་གི་དངོས་ཡོད་གནས་སྟངས་གཞིར་བཟུང་ཆབ་སྲིད་ཐོག་ནས་བོད་མི་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་གནས་པ་ཡིན་ན་ཕན་ཐོགས་ཡོད་ཅིང་། རྒྱ་ནག་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ང་ཚོར་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཞིག་ཀྱང་སྤྲད་ཡོད་པ་རེད། ད་དུང་ངོས་རང་སྒེར་ལ་བསམ་ཚུལ་ཞིག་ཡོད་པ་ནི། གལ་ཏེ་ང་ཚོས་རང་བཙན་རྩོད་པ་ཡིན་ན་བོད་ཆོལ་ཁ་གསུམ་ཡོངས་རྫོགས་རྩོད་ལེན་བྱ་རྒྱུ་ཁག་པོ་རེད་ཅེས་བཀའ་ཕེབས་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།