བོད་ནང་སླར་ཡང་བདེ་སྐྱིད་ཡོང་གི་རེད་ཅེས་གསུངས་འདུག


2017.04.03
༧གོང་ས་མཆོག་གིས་བོད་མི་ཚོར་བཀའ་སློབ་གནང་བཞིན་པ། ༢༠༡༧།༤།༢ ༧གོང་ས་མཆོག་གིས་བོད་མི་ཚོར་བཀའ་སློབ་གནང་བཞིན་པ། ༢༠༡༧།༤།༢
ཽOHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་བོད་ནང་སླར་ཡང་བདེ་སྐྱིད་ཡོང་གི་རེད་ཅེས་བོད་མི་ཚོར་བཀའ་སློབ་གནང་སྐབས་གསུངས་འདུག
དེ་ཡང་འདི་ཚེས་༣་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་བྱང་ཤར་ཤི་ལོང་དང་། Itanagar ་ཨ་ཀྲོན་ན་གར་མངའ་ཁུལ་སོགས་ནང་ཡོད་པའི་བོད་མི་ཚོར་བོད་ནང་སླར་ཡང་བདེ་སྐྱིད་ཡོང་གི་རེད་ཅེས་བཀའ་སློབ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་Guwahati གཙུག་ལག་སློབ་གྲའི་ནང་གི་མཛད་འཕྲིན་ཁག་འགྲུབ་པའི་རྗེས། རྒྱ་གར་ཤི་ལོང་དང་། Itanagar དེ་བཞིན་རྒྱ་གར་བྱང་ཤར་མངའ་སྡེའི་ཉེ་འཁོར་དུ་ཡོད་པའི་བོད་མི་ཚོས་ཇི་ལྟར་གསོལ་འདེབས་ཞུས་བ་ལྟར་བཀའ་བཞེས་བཟང་པོ་ཕེབས་ནས། དེ་ཁུལ་གྱི་བོད་མི་ལྔ་བརྒྱ་ཙམ་ལ་མཇལ་ཁ་གནང་བ་དང་བཀའ་སློབ་བཀྲིན་བསྐྱངས་གནང་ཡོད་པ་རེད། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་སླར་ཡང་བདེ་སྐྱིད་ཡོང་རྒྱུ་ཡིན་པ་བཀའ་གནང་བ་དང་སྦྲགས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སྲུབ་སྐྱོབ་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།
ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སྲུང་སྐྱོབ་གནང་རྒྱུ་དེ་ང་ཚོ་བོད་མི་ཚོའི་ཁེ་ཕན་གཅིག་པུ་མ་ཡིན་པར་འགྲོ་བ་མིའི་རིགས་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། བོད་ཀྱི་སྐད་ཡིག་དང་། རིག་གཞུང་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས་དེར་ང་ཚོས་དགའ་པོ་དང་། སྤོབས་པ་བྱེད་འོས་པ་ཞིག་ཡོད་པ་རེད་ཅེས་བཀའ་གནང་འདུག
ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་དུ་ཡོད་པའི་བོད་མི་ཚོའི་སྙིང་སྟོབས་ལ་བསྔགས་བརྗོད་གནང་ཡོད་པ་རེད། སྐབས་དེར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁར་བཅར་མཁན་བོད་མི་ཚོའི་ངོས་ནས་ཀྱང་ཧ་ཅང་གི་དགའ་ཚོར་ཆེན་པོ་གནང་ཡོད་པ་རེད།
སྤྱི་ནོར་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཚེས་༢་ཉིན་གྱི་ཞོགས་པར། རྒྱ་གར་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཧ་ཊི་རུ་ཡོད་པའི་གྷོ་ཝ་ཧ་ཊིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཚོམས་ཆེན་དུ། དེང་གི་དུས་སུ་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་གྱི་དགོས་མཁོ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད་པ་རེད།
སྐབས་དེར་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་ཉེ་བའི་རིག་བདག་སྐུ་ཞབས་Hitesh Deka ལགས་ཀྱིས། དགེ་ལས་སློབ་ཕྲུག་གཙོས་པའི་མི་དམངས་༡༥༠༠་ལྷག་འདུ་འཛོམས་བྱས་པའི་ཚོགས་ཁང་དེའི་གར་སྟེགས་སྟེང་དུ་༧གོང་ས་མཆོག་ལ་གུས་བརྩི་ཆེན་པོའི་སྒོ་ནས་མཇལ་དར་དང་། མེ་ཏོག་སོགས་ཕུལ་སྟེ་རྒྱ་གར་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་སྤྲགས། ༧གོང་ས་མཆོག་ནི་ཞི་བདེའི་མཚོན་རྟགས་ཤིག་ཡིན་ཞེས་ངོ་སྤྲོད་བ་དང་མཉམ་དུ་༧གོང་ས་མཆོག་ལ་སླར་ཡང་སྟོན་པ་བཅོམ་ལྡན་འདས་སྐོར་བྲིས་པའི་རི་མོ་ཞིག་དང་དཔེ་དེབ་ཅིག་འབུམ་ལམ་ཞུས་འདུག
༧གོང་ས་མཆོག་གིས་གང་ཉིད་མཆོག་གིས་ལྗགས་རྩོམ་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་དཔེ་དེབ་ཨ་སམ་སྐད་ཡིག་ཐོག་ཕབ་སྒྱུར་ཞུས་པ་དེ་ཉིད་དབུ་འབྱེད་མཛད་པ་དང་སྤྲགས། དེར་འདུ་འཛོམས་བྱས་པའི་མི་དམངས་ལ་དེང་སང་གང་ཉིད་མཆོག་གིས་རྒྱ་གར་གཞོན་སྐྱེས་ཚོར་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་དེས་དེང་དུས་ཀྱི་སྤྱི་ཚོགས་ལ་གང་འདྲ་ཞིག་ཕན་ཐོགས་ཀྱི་ཡོད་པར་དོ་སྣང་མང་ཙམ་ཞུ་བཞིན་ཡོད། རྒྱུ་མཚན་ནི་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་དེའི་ནང་བརྗོད་པའི་འཚེ་བ་མེད་པ་དང་། བྱམས་བརྩེ་ཞུས་པ་དེ་ང་ཚོས་དངོས་སུ་ལག་བསྟར་ཐུབ་པ་ཡིན་ན། དེས་ང་ཚོ་མི་རེ་ངོ་རེའི་བསམ་བློ་བཏང་སྟངས་དང་བྱ་སྤྱོད་ལ་ཁྱད་པར་ཆེན་པོ་བཟོ་བཞིན་ཡོད་ཅེས་བཀའ་སློབ་རིམ་པ་གནང་འདུག
ཉིན་དེའི་ཕྱི་དྲོར་༧གོང་ས་མཆོག་ཨ་སམ་མངའ་སྡེ་དང་རྒྱ་གར་དབུས་གཞུང་ཟུང་འབྲེལ་ཐོག་གོ་སྒྲིག་གནང་བའི་ཡར་ཀླུང་གཙང་པོ་སྲུང་སྐྱོབ་ཀྱི་ལས་འགུལ་Namami Brahmaputra ཞེས་པའི་མཇུག་སྡོམ་མཛད་སྒོའི་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་བཀའ་སློབ་སྩལ་ཡོད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་རེས་མངའ་ཁུལ་དེའི་ནང་ཆིབས་བསྒྱུར་བཀྲིན་བསྐྱང་གནང་བའི་སྐབས་ས་གནས་མི་མང་ཚོས་ཧ་ཅང་གི་དགའ་ཚོར་ཆེན་པོ་གནང་བཞིན་ཡོད་པ་མ་ཟད།  ས་གནས་སུ་གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་ཐུགས་སྣང་ཆེན་པོ་གནང་བ་བཞིན་ས་གནས་གསར་འགྱུར་བརྒྱུད་ལམ་མང་པོའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་གནས་དེ་ཁུལ་དུ་ཆིབས་བསྒྱུར་བསྐྱངས་བའི་གནས་ཚུལ་རིམ་པ་མཇལ་རྒྱུ་ཡོད་པ་མ་ཟད།  སྐབས་དེར་ས་གནས་གཞུང་གི་ངོས་ནས་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྣེ་ལེན་ཟབ་རྒྱས་ཞུས་གནང་ཡོད་པ་རེད་ལ་དེ་ཁུལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་གནང་བའི་རྗེས། སྤྱི་ཚེས་༤་ཡི་སྔ་དྲོར་ཨ་རུ་ན་ཅལ་མངའ་སྡེའི་ཁུལ་དུ་ཆིབས་བསྒྱུར་བཀྲིན་བསྐྱང་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་དབྱངས་སྒྲོལ་དང་། གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎