༧གོང་ས་མཆོག་གིས་ཤར་ཊི་མོར་གྱི་སྲིད་འཛིན་གསར་བར་འཚམས་འཕྲིན་བསྩལ་འདུག

2022.04.29
Share on WhatsApp
Share on WhatsApp
༧གོང་ས་མཆོག་གིས་ཤར་ཊི་མོར་གྱི་སྲིད་འཛིན་གསར་བར་འཚམས་འཕྲིན་བསྩལ་འདུག ༧གོང་ས་མཆོག་དང་སྐུ་ཞབས་ཇོསུ་ར་མོ་སུ་ཧོར་ཏཱ་(Jose Ramos-Horta)་ལགས་རྣམ་གཉིས།
OHHDL

དེ་ཡང་འདི་ཚེས་༢༨ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཇོསུ་ར་མོ་སུ་ཧོར་ཏཱ་(Jose Ramos-Horta)་ལགས་ཤར་ཊི་མོར་(Timor-Leste)་ཡུལ་གྱི་སྲིད་འཛིན་དུ་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འཕྲིན་བསྩལ་ཡོད་པ་རེད།
འཚམས་འཕྲིན་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྐུ་ཉིད་ཐོག་མར་སྤྱི་ལོ་༡༩༩༠ལོའི་འགོར་རྡ་རམ་སཱ་ལར་ཕེབས་པ་ནས་བཟུང་ངོས་ཀྱིས་སྐུ་ཉིད་རྒྱུན་རིང་ངོ་ཤེས་ཐུགས་འདྲིས་ཟབ་མོ་བྱུང་བར་དགའ་སྤྲོ་ཆེ། ད་ཆ་སྐུ་ཉིད་ལ་སླར་ཡང་འགན་ཁུར་ཆེན་པོ་ཞིག་ཡོད་པ་དང་། སྐུ་ཉིད་ཀྱི་དབུ་ཁྲིད་འོག་ཊི་མོར་ལེས་སིའི་ཡུལ་གྱི་འབངས་མི་སེར་ཚོས་མུ་མཐུད་དུ་ཞི་བདེའི་ངང་། དཔལ་འབྱོར་དང་ཤེས་ཡོན་ཡར་རྒྱས་ལོངས་སུ་སྤྱོད་ཐུབ་པ་དང་། ལྷག་པར་སྐུ་ཉིད་ཀྱིས་སྤྱི་ཚོགས་ནང་གི་དབུལ་ཕོངས་ཉམ་ཐག་རྣམས་ཀྱི་འཚོ་བ་གོང་འཕེལ་བཏང་ནས་བདེ་སྡུག་ལ་གཟིགས་སྐྱོང་གནང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་དང་།
ཊི་མོར་ལེས་ཊིའི་ཡུལ་གྱི་མི་མང་གི་རེ་བ་དང་མངོན་འདོད་འགྲུབ་ཆེད་སྐུ་ཉིད་ཀྱིས་མ་འོངས་པར་གདོང་ལེན་བྱ་དགོས་ངེས་རིགས་ལ་གདོང་ལེན་བྱ་ཐུབ་པའི་སྨོན་འདུན་ཞུ། ཞེས་འཚམས་འཕྲིན་ནང་འཁོད་འདུག
ཉེ་ལམ་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་དུ་ཡོད་པའི་ཤར་ཊི་མོར་(East Timor)་རྒྱལ་ཁབ་ཀྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད། སྲིད་འཛིན་འོས་མི་(Jose Ramos Horta)་ལགས་སུ་འོས་གྲངས་བརྒྱ་ཆ་༦༢ཐོབ་ནས་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་རེད།
སྐུ་ཞབས་ཁོང་ནི་ཕྱི་ལོ་༡༩༤༩ལོར་འཁྲུངས་པ་དང་། བཞུགས་སྒར་རྡ་རམ་སཱ་ལར་ཐེངས་ཁ་ཤས་ཕེབས་མྱོང་བ་དང་། ༧གོང་ས་མཆོག་དང་ཐུགས་འདྲིས་ཟབ་མོ་ཡོད་མཁན་ཞིག་ཡིན་པ་རེད། ཁོང་གིས་ད་བར་ཤར་ཊི་མོར་གྱི་ཕྱི་སྲིད་བློན་ཆེན་དང་སྲིད་བློན། སྲིད་འཛིན་སོགས་གནང་མྱོང་ཡོད་པ་མ་ཟད། དེ་སྔ་༡༩༩༦ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་ཡོད་པ་རེད།

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།