བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་སོག་ཡུལ་ལ་ཕེབས་རྒྱུ་རེད།

2016-11-17
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་ཉི་ཧོང་གི་ཡོ་ཀོ་ཧ་མ་ཚོགས་ཁང་ཆེན་མོའི་ནང་། ༢༠༡༦།༡༡།༡༧
༧གོང་ས་མཆོག་ཉི་ཧོང་གི་ཡོ་ཀོ་ཧ་མ་ཚོགས་ཁང་ཆེན་མོའི་ནང་། ༢༠༡༦།༡༡།༡༧
Jigme Choephel

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནས་སོག་ཡུལ་དུ་ཆིབས་བསྒྱུར་གནང་གཏན་འཁེལ་འདུག    
དེ་ཡང་སོག་ཡུལ་དུ་ཆེད་བཅར་ཞུས་པའི་འདི་གའི་གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས་ལགས་ཀྱིས་གནས་ཚུལ་བཏང་བ་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་༡༡་ཚེས་༡༨་ཉིན་སོག་ཡུལ་དུ་ཆིབས་བསྒྱུར་གནང་གི་ཡོད་པ་དང་། ཚེས་༡༩་ནས་༢༢་བར་གྱི་ཉིན་གྲངས་བཞིའི་རིང་མཛད་འཆར་ཡོད་པའི་ཁོངས་ནས་ཉིན་གཉིས་རིང་ཚན་རིག་སྐོར་དང་ཉིན་གཉིས་གསུང་ཆོས་བསྩལ་རྒྱུ་ཡིན་པ་རེད།
ཚེས་༡༩་ཉིན་དགའ་ལྡན་དགོན་པར་གནས་གཟིགས་ལ་ཆིབས་བསྒྱུར་གནང་རྒྱུ་ཡིན་ཞིང་། དགོན་པ་དེ་སོག་ཡུལ་གྱི་རྒྱལ་ས་ཨོའོ་ལོ་བ་ཏུའུ་ནང་ཆཊ་ཡོད་པ་དང་། དགོན་པ་དེ་ནི་ཁུལ་དེའི་ལོ་རྒྱུས་ལྡན་པའི་དགོན་པ་ཆེ་ཤོས་ཡིན་པ་རེད།  
སྤྱིར་སོག་ཡུལ་ནང་མངའ་སྡེ་༢༡་ཡོད་པའི་ནང་དགོན་པ་མང་པོ་ཡོད་པས་དགོན་པ་དེ་ཚོའི་མཁན་པོ་དང་དབུ་ཁྲིད་ཚང་མ་ལྷན་འཛོམས་ཐོག་ལ་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་རྒྱུ་ཡིན་པ་དང་། ཚེས་༡༩་ཉིན་གྱི་མཛད་འཆར་དེའི་ཞོར་ལ་སོག་ཡུལ་གྱི་རྒྱལ་ཨོའོ་ལོན་བ་ཏུའུ་ནང་ཡོད་པའི་གྲགས་ཆེ་བའི་མཐོ་རིམ་སློབ་གྲ་ཁག་གཉིས་ཡོད་པ་ཞིང་འབྲོག་མཐོ་སློབ་དང་ཚན་རིག་མཐོ་རིམ་སློབ་གྲའི་ནང་ཚན་རིག་དང་ནང་པའི་ལྟ་གྲུབ་སྐོར་གྱི་བགྲོ་གླེང་ཚོགས་འདུའི་ཐོག་ཆིབས་བསྒྱུར་སྐྱོང་རྒྱུ་ཡིན་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་ཐོག་མ་དེ་ནི་སྤྱི་ལོ་༡༩༧༩་ལོར་ཡིན་པ་དང་། དེ་རྗེས་༩༡་ལོ་དང་། ༩༤་  ༩༥་ ༢༠༡༢་ ༢༠༠༦་ ༢༠༡༡་བཅས་སུ་ཆིབས་བསྒྱུར་གནང་ཡོད་པར་ད་རེས་ཆིབས་བསྒྱུར་གནང་ཐེངས་དགུ་པ་ཡིན་པ་རེད།
བོེད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༡༦་ཉིན་གྱི་སྔ་དྲོ་ཐོག་མར་ཉི་ཧོང་གྱི་རྒྱལ་ས་ཊོག་ཡོའི་ནང་གི་སེ་ཏ་ག་ཡ་གེ་ཀུན་འབྲིང་རིམ་སློབ་གྲྭར་༧ཞབས་སོར་འཁོད་སྐབས་དགེ་སློབ་ཡོངས་ནས་༧གོང་ས་མཆོག་ལ་གུས་པ་ཆེན་པོའི་སྒོ་ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག་ལ། སློབ་གྲྭའི་ཕྱོགས་གང་སར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕེབས་བསུ་ཞུ་མཁན་སློབ་ཕྲུག་ཚོར་
ཐུགས་བརྩེ་ཆེན་པོ་གནང་བའི་ཐོག་མར་སློབ་ཕྲུག་ཚོའི་བཀའ་དྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་གནང་མཛད་འདུག། ༧གོང་ས་མཆོག་གིས། ད་ཆ་གོ་ལ་གཅིག་གྱུར་གྱི་གནས་སྟངས་འོག་ང་ཚོ་དང་ཁོ་ཚོ་ཞེས་དཀའ་ངལ་འཕྲད་སྐབས་ལམ་སེང་འཚེ་བའི་སྟོབས་ཤུགས་ལ་བརྟེན་ནས་དཀའ་ངལ་སེལ་ཐབས་བྱ་རྒྱུའི་དེ་སྔའི་ལམ་སྲོལ་རྙིང་པའི་ལྟ་ཚུལ་དེ་དུས་ཚོད་ཡོལ་ཟིན་པར་བརྟེན། འཚེ་བའི་ལམ་ལ་བརྟེན་མི་དགོས་པར་ཕན་ཚུན་འཆམ་མཐུན་ངང་འཛམ་གླིང་ཞི་བདེར་འཁོད་ཐབས་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་གནང་འདུག
༧གོང་ས་མཆོག་གིས་སློབ་གྲྭ་དེར་ཆུ་ཚོད་གཉིས་ཙམ་རིང་བཀའ་སློབ་སྩལ་རྗེས་མུ་མཐུད་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བཀའ་སློབ་སྩལ་གནང་མཛད་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་། རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།