ཨ་བྱང་དབུ་ཁྲིད་གཉིས་ཀྱི་མཇལ་འཕྲད་ལ་༧གོང་ས་མཆོག་གིས་དགའ་བསུ་གནང་འདུག

2018-06-13
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་འཚམས་འཕྲིན། ༢༠༡༨།༦།༡༣
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་འཚམས་འཕྲིན། ༢༠༡༨།༦།༡༣
OHHDL

ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་དབུ་ཁྲིད་རྣམ་གཉིས་ནས་ཡུལ་གྲུ་གཉིས་དབར་གྱི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ཐད་ཕན་ཚུན་མཇལ་འཕྲད་གནང་པར་ཕྱི་ཟླ་ ༦ ཚེས་ ༡༣ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུའི་འཚམས་འཕྲིན་སྩལ་གནང་མཛད་འདུག
ཨ་མི་རི་ཀའི་སྲིད་འཛིན་ཌོ་ནཱལཌ་ཊམཔ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་རྣམ་གཉིས་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་སིངྒ་པུར་རུ་ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་འཕྲད་གནང་ཞིང་།  ཕྱོགས་གཉིས་པོས་ཀོ་རི་ཡའི་ཕྱེད་གླིང་དེ་བཞིན་རྡུལ་ཕྲན་མཚོན་ཆ་མེད་པའི་ས་ཁུལ་ཞིག་བཟོ་ཐབས་གནང་རྒྱུར་མོས་མཐུན་གནང་ཡོད་པ་རེད།  
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་ཡོང་ཁྱབ་གསུང་འཕྲིན་དེའི་ནང་། སིངྒ་པུར་རུ་བྱང་ཀོ་རི་ཡ་དང་ཨ་མི་རི་ཀའི་དབུ་ཁྲིད་རྣམ་གཉིས་ཀྱིས་རང་འགུལ་གྱི་མཇལ་འཕྲད་དང་གྲོས་མོལ་འགོ་འཛུགས་གནང་བ་བརྒྱུད། ཕན་ཚུན་དབར་ཡུན་རིང་གི་མི་མཐུན་པའི་གནད་དོན་ཁག་སེལ་ཐབས་དང་མཐར་ཐུག་ཀོ་རི་ཡའི་ཕྱེད་གླིང་ནང་རྡུལ་ཕྲན་མཚོན་ཆ་ཡོངས་སུ་མེད་པ་བཟོ་རྒྱུའི་ཐུགས་འདུན་ལ་དགའ་བསུ་ཡོད་ཅེས་དང་། མི་སྒེར་དང་ཡང་ན་རྒྱལ་ཁབ་བར་གྱི་དཀའ་ངལ་གང་རུང་སེལ་ཐབས་སུ་གྲོས་མོལ་གྱི་ལམ་དེ་ཁོ་ན་བཟང་ཤོས་ཡིན་པ་ངོས་ལ་ཡིད་ཆེས་བརྟན་པོ་ཡོད། ངོས་རང་ཡང་འཛམ་གླིང་ཐོག་རྡུལ་ཕྲན་མཚོན་ཆ་རྩ་བ་ནས་མེད་པ་བཟོ་ཐབས་ལ་ཡོངས་གྲགས་ཀྱིས་ཁས་ལེན་དང་འབད་བརྩོན་གནང་མཁན་ཞིག་ཡིན་པར་བརྟེན་ནས་ད་རེས་(Singapore)ནང་ཀོ་རི་ཡི་ཕྱེད་གླིང་ཁུལ་ཞི་བདེ་རྒྱུན་གནས་ཡོངས་ཐབས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཆེས་མཐོའི་མཇལ་འཕྲད་དེར་སྙིང་ཐག་པ་ནས་རྗེས་སུ་ཡིད་རང་ཞུ་བཞིན་ཡོད་ཅེས་བཀའ་གནང་འདུག
ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་དེའི་ནང་། དབུ་ཁྲིད་རྣམ་གཉིས་ཀྱི་འབད་བརྩོན་ཐབས་ཤེས་དེས། འགྲོ་བ་མི་གྲངས་ལས་འདས་པའི་ཚེ་སྲོག་གཅོད་པའི་ནུས་པ་ཡོད་པའི་ལྕི་བའི་མཚོན་ཆ་དེ་རིགས་རྩ་བ་ནས་མེད་པ་བཟོ་རྒྱུར་ཤུགས་རྐྱེན་དང་སེམས་ཤུགས་སྣོན་མ་ཞིག་སྤྲོད་ཐུབ་པར་ཡིད་ཆེས་ཡོད་ཅེས་བཀའ་གནང་འདུག

གསར་འགོད་པ་ཉི་མ་གཡུ་སྒྲོན་དང་། རྡོ་རྗེ་དགྲ་འདུལ། ལྕགས་མོ་འཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།