ཞི་བདེ་དང་རྣམ་དཔྱོད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་གལ་ཆེ། ༧གོང་ས་མཆོག་གིས།

2019-05-20
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་ཝིཡེཏ་ནམ་གྱི་མཇལ་བཅར་བ་ཚོར་བཀའ་སློབ་སྩལ་སྐབས། ༢༠༡༩།༥།༢༠
༧གོང་ས་མཆོག་གིས་ཝིཡེཏ་ནམ་གྱི་མཇལ་བཅར་བ་ཚོར་བཀའ་སློབ་སྩལ་སྐབས། ༢༠༡༩།༥།༢༠
OHHDL

ནང་པའི་ལྟ་གྲུབ་ལ་དོ་སྣང་སློབ་གཉེར་གྱིས་ཞི་བདེ་དང་རྣམ་དཔྱོད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་གལ་ཆེ་བ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཝིཡེཏ་ནམ་གྱི་མཇལ་བཅར་བ་ཚོར་བཀའ་སྩལ་འདུག
ཝིཡེཏ་ནམ་(Vietnam)རྒྱལ་ཁབ་ནས་ཡོང་བའི་གཞོན་སྐྱེས་ཚོང་ལས་པ་གཙོས། ལས་རིགས་འདྲ་མིན་གཉེར་མཁན་འགོ་ཁྲིད་མི་སྣ་ཁག་ཅིག་ལ། བཞུགས་སྒར་ཕོ་བྲང་དུ་སྤྱི་ཟླ་༥པའི་ཚེས་༢༠ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་དུ་མཇལ་མོལ་བཀའ་སློབ་གནང་སྐབས། ཝེཡེཏ་ནམ་ནི་བོད་དང་འདྲ་བ་ཐེག་ཆེན་གྱི་ཆོས་ལུགས་ཉམས་ལེན་བྱ་མཁན་གྱི་ཡུལ་གྲུ་ཞིག་ཡིན་པ་དང་། ཐེག་ཆེན་ནང་པོའི་རྗེས་མཇུག་པ་ཚོས་གལ་ཆེ་ཤོས་ནི་ནང་ཆོས་སློབ་གཉེར་བྱ་རྒྱུ་དེ་ཡིན་པ་བཀའ་གནང་ཞིང་། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་ལྟ་གྲུབ་ཤེས་པའི་ཐོག་ནས་ཉམས་ལེན་ལ་སྦྱར་ནས་མི་རང་རང་སོ་སོ་ནང་པ་ཚད་ལྡན་གཞན་ཕན་གྱི་བསམ་བློ་དང་ཤེས་རབ་ཡོད་པ་ཅིག་བྱུང་བ་ཡིན་ན། ཁྱིམ་ཚང་ཞི་བདེ་ཡོད་པ་ཅིག་ཡོད་པ་ཅིག་ཡོང་བ་བརྒྱུད། སྤྱི་ཚོགས་དེ་ཡང་ཞི་བདེ་དང་རྣམ་དཔྱོད་བཀྲ་ལ་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུ་དང་། རིམ་པས་སྤྱི་ཚོགས་སྤྱི་ཡོངས་ཀྱི་མི་ཚེ་ལ་འགྱུར་བ་གཏོང་ཐུབ་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཤེས་ཡོན་ལམ་ལུགས་ནི་གཙོ་བོ་ཕྱི་དངོས་པོའི་ལོངས་སྤྱོད་ལ་དམིགས་པ་ཞིག་ཡིན་སྟབས། ནང་སེམས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་རྒྱུར་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ཀྱི་མི་འདེང་པ་བཀའ་གནང་པ་དང་། ཝིཡེཏ་ནམ་ནི་ནང་པའི་རྒྱལ་ཁབ་ཞིག་ཡིན་པས། ཆུང་བུ་གསོ་ཁང་ནས་བཟུང་ཤེས་ཡོན་གྱི་ལམ་སྲོལ་ནང་། སེམས་ཀྱི་ཞི་བདེ་ཡོང་ཐབས་སུ་དམིགས་པའི་སློབ་གསོའི་ལམ་ལུགས་ཤིག་བཅུག་རྒྱུར་བསམ་བློ་ནན་ཏན་གཏོང་དགོས་པའི་འབོད་སྐུལ་གནང་འདུག་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཝིཡེཏ་ནམ་མི་རིགས་ནི་ཧུར་བརྩོན་དང་དཔའ་ངར་ཆེ་བའི་མི་རིགས་ཤིག་ཡིན་པས་འཛམ་གླིང་ཞི་བདེའི་ཆེད་ལེགས་སྐྱེས་འབུལ་བའི་ནུས་པ་ཡོད་པ་བཀའ་གནང་འདུག
ད་རེས་༧གོང་ས་༧སྐྱབས་མགན་ཆེན་པོ་མཆོག་གི་མཇལ་བཅར་བའི་ཁོངས་སུ་ཧ་ཅང་སྙན་གྲགས་ཆེ་བའི་ཝིཡེཏ་ནམ་གྱི་གླུ་མ་ཧོང་ཡོང་ཡང་བཅར་ཡོད་པས། ༧གོང་ས་མཆོག་ལ་དངོས་སུ་མཇལ་ནས་སེམས་འགུལ་དང་དགའ་ཚོར་བརྗོད་མི་ཤེས་པ་ཞིག་བྱུང་ཐོག འབྱུང་འགྱུར་མི་བཟང་པོ་ཞིག་བྱ་རྒྱུར་སྐུལ་མ་དང་བློ་སྟོབས་འཕེལ་བ་དང་། ཁོང་གི་གླུ་གཞས་དང་དེ་ལ་ཉན་མཁན་ཚོར། ༧གོང་ས་མཆོག་གི་དགོངས་པ་ཁག་གིས་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་དང་། ༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཝིཡེཏ་ནམ་ཆེད་ལས་མི་སྣ་མཇལ་མོལ་བཀའ་སློབ་ཀྱི་ལས་རིམ་གོ་སྒྲིག་གནང་མཁན་སི་ཐྲི་ནས། ཝིཡེཏ་ནམ་ནས་བཅར་བའི་ཆེད་ལས་མི་སྣ་ཚོར་མཇལ་ཁ་དང་བཀའ་སློབ་སྩལ་བའི་ལས་རིམ་འདི་ཐེངས་མ་༡༠་པ་ཡིན་པ་དང་། ལས་རིམ་འདི་བརྒྱུད་ཝིཡེཏ་ནམ་གྱི་དམིགས་བསལ་ཚོང་པ་གཞོན་སྐྱེས་མང་པོ་ཅིག ༧གོང་ས་མཆོག་གི་གསུང་ཆོས་ལ་ཉན་རྒྱུ་དང་། ནང་ཆོས་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཏེ། གསུང་ཆོས་ཀྱི་རྗེས་སུ་གཞོན་སྐྱེས་ཕོ་མོ་མང་པོ་ཅིག་གིས་ནང་ཆོས་ཉམས་ལེན་བྱེད་སྒོར་འཇུག་ཐབས་དེ་ཡིན་པ་དང་། དེ་ལྟར་བྱེད་པ་བརྒྱུད་ཁོང་ཚོ་མང་པོ་ཞིག་གི་མི་ཚེར་ལེགས་ཕྱོགས་ཀྱི་འགྱུར་བ་སོང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ད་རེས་ཀྱི་མཇལ་ཁ་བཀའ་སློབ་ཞུ་བར་ཝིཡེཏ་ནམ་ལྷོ་བྱང་གཉིས་ཀ་ནས་ཆེད་ལས་མི་སྣ་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།