ཞི་བདེ་ལྡན་པའི་དུས་རབས་ཤིག་བསྐྱུན་རྒྱུར་འབད་དགོས།

2016-08-18
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་ལ་དྭགས་ཀྱི་ཁ་ཆེའི་ལྷ་ཁང་དུ་བཀའ་སློབ་གནང་བཞིན་པ། ༢༠༡༦།༨།༡༧
༧གོང་ས་མཆོག་གིས་ལ་དྭགས་ཀྱི་ཁ་ཆེའི་ལྷ་ཁང་དུ་བཀའ་སློབ་གནང་བཞིན་པ། ༢༠༡༦།༨།༡༧
Tenzin Choejor/OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སླེ་ཁུལ་ཡོད་པའི་ནང་པའི་བཙུན་དགོན་དང་ཁ་ཆེའི་སློབ་གྲྭ་ཞིག་ཏུ་ཆིབས་བསྒྱུར་གནང་ཡོད་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག ཕྱི་ཟླ་བདུན་པའི་ཚེས་༢༥་ཉིན་ལ་དྭགས་སུ་ཆིབས་བསྒྱུར་གྱིས་ཁུལ་དེར་མཛད་འཕྲིན་དུ་མ་ཞིག་བསྐྱང་གནང་བཞིན་ཡོད་པ་དང་། འདི་ཚེས་༡༧་ཉིན་ཁ་ཆེའི་སློབ་གྲྭ་ཞིག་ཏུ་ཆིབས་བསྒྱུར་གནང་ཡོད་འདུག དེ་ཡང་གོང་ཚེས་ཉིན་ཐོག་མར་སླེ་ཁུལ་ཡོད་པའི་ཁ་ཆེའི་Islamia Public School་ཞེས་སྒེར་པའི་སློབ་གྲྭ་ཞིག་ཏུ་ཆིབས་བསྒྱུར་གནང་ནས་དེར་དུས་སློབ་ཕྲུག་དང་། དགེ་ལས་དྲུག་བརྒྱ་ལྷག་ཙམ་གྱི་འདུ་འཛོམས་ཐོག་གསུང་བཤད་གནང་བའི་ནང་། སློབ་ཕྲུག་ཚོས་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་བཞིན་དམག་འཁྲུག་དང་། ཟིང་ཆ་མེད་པའི་ཞི་བདེ་དང་ལྡན་པའི་དུས་རབས་ཤིག་བཟོ་རྒྱུར་འབད་བརྩོན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་འཛམ་གླིང་ནང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དམ་ཟབ་ངང་གནས་ཐབས་སུ་ཁྱེད་ཚོ་གཞོན་སྐྱེས་ཚོས་བསམ་བློ་གཏོང་དགོས་རྒྱུ་རེད་ལ་དེ་ལྟར་རང་རང་སོ་སོའི་སྤྱི་ཚོགས་ནས་འགོ་བརྩམས་དགོས་ཀྱི་རེད་ཅེས་བཀའ་གནང་འདུག
དེ་དང་ཕྱོགས་མཚུངས་སློབ་ཕྲུག་ཁག་ཅིག་ནས་བཅར་འདྲི་ཞུས་པ་ཁག་ལ་བཀའ་ལན་གནང་འདུག
ཡང་སློབ་གྲྭའི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དེང་དུས་འཕྲུལ་རིགས་དང་ལྡན་པའི་ཁ་ཆེའི་ཀོ་རན་ནམ་གསུང་འབུམ་གྱི་དེབ་ཅིག་འབུལ་ལམ་ཞུས་འདུག སློབ་གྲྭ་དེའི་མཛད་སྒོ་གྲུབ་གནང་བའི་རྗེས་སུ། ནང་པའི་བཙུན་དགོན་ཐུབ་བསྟན་ཆོས་འཁོར་གླིང་དུ་ཁྱུག་ཙམ་རིང་ཆིབས་བསྒྱུར་གནང་འདུག་ལ་༧གོང་ས་མཆོག་གིས་བཙུན་མ་ཚོར་ནང་པའི་ཆོས་ལ་དད་པ་ཙམ་མ་ཡིན་པར་གཙོ་བོ་ནང་ཆོས་ཀྱི་ལྟ་གྲུབ་དང་གོ་དོན་ངེས་པར་དུ་སློབ་སྦྱོང་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་སློབ་གནང་ཡོད་འདུག
ཡང་གོང་དུ་ཞུས་པའི་ཁ་ཆེའི་སློབ་གྲྭ་ཡོད་སའི་ས་ཁུལ་གྱི་ཁ་ཆེའི་ཡུལ་མི་ཚོས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཉིན་གུང་གསོལ་སྟོན་འབུལ་བཤམས་གནང་བའི་སྐབས་འབྲེལ་ཡོད་དཔོན་རིགས་དང་ཁ་ཆེིའི་ཡུལ་མི་སོགས་མི་གྲངས་ཆིག་སྟོང་ཙམ་ནས་མཉམ་ཞུགས་གནང་འདུག
ཐེངས་འདིའི་ཆིབས་བསྒྱུར་གནང་ཡུལ་ཁག་ཏུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལྷན་དུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ལ་དྭགས་བ་ཀུ་ལ་མཆོག་སྤྲུལ་རིན་པོ་ཆེ། ཁྲིག་རྩེ་རིན་པོ་ཆེ་བཅས་ནས་ཀྱང་བཅར་ཡོད་འདུག
ཡང་མཛད་འཆར་གཞིར་བཟུང་ལྟར་ན། ཚེས་༢༨་ཉིན་ནས་བཟུང་ཉིན་གྲངས་གསུམ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བའི་ཚལ་ཐང་ཆེན་དུ་བོད་མི་དང་ཡུལ་མི་། ཕྱི་རྒྱལ་མི་རིགས་དད་ལྡན་པ་ཚོར་ཆོས་འབྲེལ་དང་། ཚེ་དབང་སོགས་སྩལ་གནང་གི་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།