བོད་པའི་སེམས་ཤུགས་ནམ་ཡང་མ་བརླག་པ་བྱ་དགོས་རེད། ༧གོང་ས་མཆོག་གིས།

2019-07-12
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་བ་ཁག་གཅིག་ལ་མཇལ་ཁའི་སྐབས། ༢༠༡༩།༧།༡༢
༧གོང་ས་མཆོག་གིས་བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་བ་ཁག་གཅིག་ལ་མཇལ་ཁའི་སྐབས། ༢༠༡༩།༧།༡༢
OHHDL

རྒྱ་ནག་གིས་ཇི་ཙམ་སྡུག་རྩུབ་བྱས་ཀྱང་བོད་མི་རིགས་ཚོས་སེམས་ཤུགས་ནམ་ཡང་མ་ཆགས་པ་བྱེད་དགོས་པ་༧གོང་ས་མཆོག་གིས་བཀའ་གནང་འདུག
བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་བ་ཁག་གཅིག་ཕྱི་ཟླ་ ༧ ཚེས་ ༡༢་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་སྐབས་བོད་ནང་རྒྱ་ནག་གཞུང་གིས་སྡུག་རྩུབ་ཇི་ཙམ་བྱས་ཀྱང་བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང་རྩ་བར་བཟུང་ནས་སེམས་ཤུགས་རྩ་བ་ནས་མ་བརླགས་པར་བསྡད་ཡོད་ལ། ད་དུང་ཡང་དེ་ལྟ་མུ་འཐུད་གནས་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།  མཇལ་ཁར་བཅར་མཁན་གྱི་བོད་རིགས་ན་གཞོན་དེ་དག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་མྱོང་གསོག་དང་དྭང་བླངས་ཞབས་ཞུའི་ཆེད་སླེབས་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་དེ་དག་ལ་བོད་པའི་སྤྱི་ཚོགས་ནང་ཞབས་ཞུ་འགྲུབ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་བཀའ་གནང་པ་དང་། ཁོང་ཚོར་སེམས་ཤུགས་མ་ཆགས་པ་བྱེད་དགོས་པ་བཀའ་སློབ་གནང་པ་དང་སྦྲགས། རྒྱ་ནག་རིམ་པས་འགྱུར་བ་འགྲོ་བ་མ་ཟད། རྒྱ་ནག་གི་འགོ་ཁྲིད་ཚོའི་ཁྲོད་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་མཁྲེགས་བཟུང་གི་སྲིད་ཇུས་དེས་གྲུབ་འབྲས་ཡོང་གི་མེད་པ་དང་། ད་ཆ་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་ཇུས་ཞིག་བཟུང་དགོས་པའི་བསམ་ཚུལ་བརྗོད་མཁན་ཡོད་པ་བཀའ་གནང་ཡོད་པ་རེད།  
ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོས་རང་གི་ཆོས་དང་རིག་གཞུང་ལ་ཞེན་ཁོག་བྱེད་དགོས་པ་བཀའ་གནང་ཞིང་།  བོད་མི་ཚོས་བདག་གཅེས་རྒྱུན་འཛིན་བྱེད་པའི་བོད་ཀྱི་ཆོས་དང་རིག་གཞུང་ནི་འཛམ་གླིང་འདིར་ཕན་ཐོགས་བྱེད་ཐུབ་པའི་རིག་གཞུང་ཞིག་ཡིན་སྟབས། ཞེན་ཁོག་དང་སྤོབས་པ་བྱེད་ཆོག་པ་ཡིན་པར་མ་ཟད་ཞེན་ཁོག་དང་སྤོབས་དེ་ཡང་རྒྱུ་མཚན་ལྡན་པ་ཡིན་པ་བཀའ་གནང་སྟེ་ཚང་མས་ཧུར་ཐག་དང་བློ་བདེ་པོ་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
མཇལ་ཁ་གྲུབ་པའི་རྗེས། རྒྱ་གར་བྱང་ཕྱོགས་ལ་དྭགས་ནས་ཡིན་པའི་བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་བ་ཚེ་རིང་དབྱངས་འཛོམས་ལགས་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དེ་གཞོན་སྐྱེས་ཚོས་མི་ཉམས་རྒྱུན་འཛིན་དགོས་པའི་བཀའ་གནང་བ་ལྟར་ཁོང་མོས་ཀྱང་མུ་མཐུད་ནས་བོད་ཀྱི་རིག་གཞུང་ལ་དོ་སྣང་དང་སློབ་སྦྱོང་བྱ་རྒྱུ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བརྗོད་ཡོད་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་བའི་ལས་གཞི་དེ་བཞིན་སྤྱི་ལོ་༢༠༡༢ལོར་འགོ་བཙུགས་གནང་ཡོད་ཅིང་། ཉེ་བའི་ཆར་དབུས་བོད་མིའི་སྒྲིག་འཛུགས་ནང་དྭང་བླངས་ཞབས་ཞུ་གནང་མཁན་ན་གཞོན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ཁར། དྭང་ཞབས་མང་ཤོས་དེ་དྲིལ་བསྒྲགས་ལས་ཁུངས་སུ་ཡིན་འདུག་པ་དང་། དེ་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་སོགས་བོད་མི་སྒྲིག་འཛུགས་ཀྱི་ཡན་ལག་ལས་ཁུངས་ཁག་ནང་ཕྱག་ལས་གནང་བཞིན་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།