འགྲོ་བ་མིས་བཟོས་པའི་དཀའ་རྙོག་རྣམས་སེལ་རྒྱུའི་འགན་ཁུར་འགྲོ་བ་མི་རང་ལ་ཡོད། ༧གོང་ས་མཆོག་གིས།

2020-06-08
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་གཞོན་སྐྱེས་ཚོར་བཀའ་སློབ་སྩལ་སྐབས། ༢༠༢༠།༦།༧
༧གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་གཞོན་སྐྱེས་ཚོར་བཀའ་སློབ་སྩལ་སྐབས། ༢༠༢༠།༦།༧
OHHDL

འགྲོ་བ་མིས་བཟོས་པའི་དཀའ་རྙོག་རྣམས་སེལ་རྒྱུའི་འགན་ཁུར་དང་ནུས་པ་འགྲོ་བ་མི་རང་ལ་ཡོད་ཅེས་༧གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་གཞོན་སྐྱེས་མང་པོར་བཀའ་སྩལ་འདུག
བཞུགས་སྒར་ཕོ་བྲང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད། ལྷོ་ཤར་ཨེ་ཤེ་ཡའི་དགེ་རྒན་ཆེན་མོ་དང་སློབ་ཕྲུག སྨན་པ། ཇུས་འགོད་པ་སོགས་ལས་རིགས་འདྲ་མིན་གྱི་གཞོན་སྐྱེས་བདུན་བརྒྱ་ཙམ་ལ། སྤྱི་ཟླ་༦་པའི་ཚེས་༧་ཉིན། ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་མི་ཚོར་འཇིགས་སྣང་དང་ལས་ཀ་ཤོར་པ་བཅས་དཀའ་ངལ་ཆེན་པོ་འཕྲད་དེ། གཞོན་སྐྱེས་ཚོར་འབྱུང་འགྱུར་གྱི་ཁ་ཕྱོགས་ངེས་གཏན་མེད་པའི་སྐབས་འདིར། ༧གོང་ས་མཆོག་ལ་ལམ་སྟོན་བཀའ་སློབ་ཞུས་པར། ༧གོང་ས་མཆོག་གིས་འགྲོ་བ་མིའི་རྣམ་དཔྱོད་ནི་སྐབས་རེར་མ་རུང་བའི་བསམ་བློ་དང་ཟུང་འབྲེལ་གྱིས། མིའི་རྣམ་དཔྱོད་ཀྱིས་བཟོས་པའི་ཚན་རིག་དང་འཕྲུལ་ཆས་རྣམས། སྟབས་མ་ལེགས་པར་ལན་རེར་དམག་འཁྲུག་དང་འཚེ་བའི་ནང་མཚོན་ཆ་ལ་བེད་སྤྱོད་ཆེད། ཉིང་རྡུལ་མཚོན་ཆ་སོགས་བཟོས་ཏེ་བློ་རིག་བཀྲ་བའི་མིའི་ཀླད་པ་དེ་མ་རུངས་པའི་བློ་ཡིས་སྟངས་འཛིན་འོག གནས་ཚུལ་མ་རུངས་པ་མང་པོ་ཞིག་ཡོང་གི་ཡོད་པས། དེང་སང་འཛམ་གླིང་གི་དཀའ་ངལ་མང་པོ་ཞིག་ང་ཚོ་རང་གིས་བཟོས་པ་ཡིན་པས། དཀའ་ངལ་དེ་ཚོ་སེལ་རྒྱུའི་འགན་ཁུར་ཡང་ང་ཚོ་ལ་ཡོད་པ་མ་ཟད། མིས་བཟོས་པའི་དཀའ་རྙོག་ཅིག་ཡིན་ན་དེ་སེལ་རྒྱུའི་ནུས་པའང་མི་ལ་ཡོད་པ་རང་བཞིན་ཆོས་ཉིད་རེད་ཅེས་བཀའ་སྩལ་སོང་།
ཡང་༧གོང་ས་མཆོག་གིས་འཛམ་གླིང་འདིའི་སྒང་གི་མི་ཐེར་འབུམ་བདུན་ཚང་མ་ལ། གཞན་ཕན་གྱི་བསམ་བློ་དང་མི་གཅིག་གྱུར་གྱི་འདུ་ཤེས་དགོས་རྒྱུ་དེ་ཧ་ཅང་གལ་ཆེ་བས། ངོས་ཀྱིས་དམ་བཅའ་གཅིག་ནི། མི་གཅིག་གྱུར་གྱི་འདུ་ཤེས་དང་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་ལ་འབད་བརྩོན་དང་། ཆོས་ལུགས་གཙོ་ཆེ་བ་ཚང་མར་ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་ཡོད་མིན་ལ་མ་ལྟོས་པར། ཚང་མས་བྱམས་བརྩེ་དང་བཟོད་པ་ཆོག་ཤེས་སོགས་གཅིག་མཚུངས་སུ་གསུང་གི་ཡོད་པར་བརྟེན། ཐུགས་བསྐྱེད་དམ་བཅའ་གཉིས་པ་ནི་ཆོས་ལུགས་མཐུན་སྒྲིལ་ཐོག་འབད་བརྩོན་བསྟེན་བཞིན་པ། ཁོང་བོད་མི་ཞིག་ཡིན་པ་དང་བོད་མི་ཚོས་ཁོང་ལ་རེ་བ་ཆེན་པོ་བརྒྱབས་ཏེ་ཡོད་པའི་ཆ་ནས། བོད་སྐད་ནང་དཔལ་ནཱལེན་ཊ་ནས་བརྒྱུད་པའི་མཚན་ཉིད་རིག་པ་དང་། ཚད་མ་རིག་པའི་རིག་གཞུང་གཏིང་ཟབ་ཡོད་པ་དང་། བོད་ཀྱི་ས་མཐོ་ནས་རྒྱ་གར་དང་རྒྱ་ནག་སོགས་ཀྱི་གཙང་བོ་མང་ཆེ་བ་བཞུར་གྱི་ཡོད་པས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པར་བརྟེན། དམ་བཅའ་གཉིས་པ་ནི་བོད་ཀྱི་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་ལ་འབད་བརྩོན་གནང་གི་ཡོད་ཁར། ཐུགས་བསྐྱེད་གསར་ཤོས་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་འཚེ་བ་མེད་པ་དང་སྙིང་རྗེ་བཅས་གཅེས་སྐྱོང་ཡོང་བར། དེང་རབས་ཀྱི་རྒྱ་གར་ནས་དོ་སྣང་མང་ཙམ་གནང་དགོས་པ་དང་། རྒྱ་གར་གྱིས་ནང་སེམས་ཀྱི་ཡོན་ཏན་དང་ཕྱི་དངོས་པོའི་ལོངས་སྤྱོད་ཟུང་འབྲེལ་བྱ་ཐུབ་པ་ཞིག་ཡོང་སྲིད་པ་ཡིན་པས། ངོས་ཀྱི་དམ་བཅའ་དེ་ཚོ་བེད་སྤྱོད་ཡོད་ན་ལག་ལེན་བསྟར་ཐབས་དང་། གཞོན་སྐྱེས་ཚོའི་ནང་ཁྱབ་སྤེལ་གནང་རོགས་ཀྱི་འབོད་སྐུལ་གནང་ཡོད།
དེ་བཞིན་ད་དུང་༧གོང་ས་མཆོག་གིས། ད་ཆ་ཨ་མི་རི་ཀའི་ནང་དཀའ་ངལ་འཕྲད་བཞིན་པ་དེ་དོན་གྱིས་དབུལ་ཕྱུག་གི་ཁྱད་པར་ལ་བརྟེན་ནས་ཡོང་གི་ཡོད། རྩ་བས་ཨ་ཧྥི་རི་ཀ་ནས་བྲན་གཡོག་ཏུ་ཁྲིད་ཡོང་བ་ཨ་ཧྥི་རི་ཀ་པ་རྣམས། དཔལ་འབྱོར་གྱི་ཆ་ནས་དབུལ་ཕོངས་ཡིན་པའི་འབྲས་བུར། ཕྱི་དངོས་པོའི་ལོངས་སྤྱོད་གཙོར་འཛིན་གྱི་སྤྱི་ཚོགས་ཀྱི་ནང་དབུལ་པོ་ཚོར་རྟག་པར་མཐོང་ཆུང་བཏང་གི་ཡོད་པས། དེ་ཚོ་དཀའ་རྙོག་གི་འབྱུང་ཁུངས་ཤིག་ཆགས་ཡོད་པས་ན། དབུལ་ཕྱུག་སྙོམས་པར་ཕྱུག་པོ་ཚོས་བསམ་བློ་མང་ཙམ་གཏོང་དགོས་པར་བཀའ་གནང་ཡོད།
ལྷོ་ཤར་ཨེ་ཤེ་ཡའི་གསུང་ཆོས་འབྲེལ་མཐུད་པ་སྦྱིན་པ་རྒྱ་མཚོ་ལགས་ཀྱིས་གོ་སྒྲིག་གནང་བའི་བཀའ་སློབ་ལམ་རིམ་འདིར། ཧོང་ཀོང་དང་། ཝི་ཏི་ནམ། ཐེ་ལཎ་ཊི། སེངྒ་པོར། མཱ་ལེ་ཤེ་ཡ་སོགས་ནས་གཞོན་སྐྱེས་དང་མཁས་པ་རྣམ་པའི་ཐོག་ནས། ༧གོང་ས་མཆོག་ལ་མི་ཚེའི་བདེ་སྐྱིད་སྒྲུབ་ཐབས་དང་ཆོས་ཉམས་ལེན་གནང་སྟངས། ཆོས་ལུགས་ཐལ་སྤྱོད་པ་འགོག་ཐབས་སོགས་དྲི་བ་སྣ་ཚོགས་ཤིག་ཕུལ་བར་བཀའ་ལན་གནང་ཡོད་ཅིང་། ལམ་སྟོན་གྱི་ལས་རིམ་དེ་སྐད་ཡིག་བཅུ་གཉིས་ཀྱི་ནང་བསྒྱུར་པར། དྲ་ལམ་ནས་ལྟ་མཁན་ས་ཡ་གཅིག་ལྷག་བྱུང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།