འགྲོ་བ་མི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་དགོས།
2017.03.24
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨོསི་ཏྲེ་རི་ལི་ཡའི་དབྱུག་རྩེད་སྤོ་ལོའི་རྕེད་འགྲན་རུ་ཁག་ལ་མཇལ་ཁ་དང་བཀའ་སློབ་གནང་འདུག
ཕྱི་ཚེས་ ༢༤ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་། ཨོསི་ཏྲེ་རི་ལི་ཡའི་Australia Cricket ་དབྱུག་རྩེད་སྤོ་ལོ་རྩེད་འགྲན་པའི་རུ་ཁག་ལ་མཇལ་ཁ་དང་བཀའ་སློབ་གནང་སྐབས། རྒྱ་གར་རྡ་རམ་སཱ་ལ་འདི་བཞིན་ལོ་ངོ་ ༥༧ ཙམ་རིང་༧གོང་ས་མཆོག་གི་བཞུགས་གནས་ཆགས་ཡོད་སྟབས། རྩེད་འགྲན་པ་རྣམས་ས་གནས་སུ་ཕེབས་པར་འཚམས་འདྲི་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྩེད་འགྲན་པ་ཚོར་། གང་ཉིད་ཀྱི་ཐུགས་དགོངས་གཙོ་བོ་གསུམ་གྱི་སྐོར་ངོ་སྤྲོད་གནང་པ་དང་། དེ་ཡང་༧གོང་ས་མཆོག་འགྲོ་བ་མི་ཐེར་འབུམ་བདུན་གྱི་ནང་ནས་གཅིག་ཡིན་སྟབས། འགྲོ་བ་མི་གཅིག་འགྱུར་འདུ་ཤེས་དང་ཀུན་ཕན་གྱི་དགོངས་པའི་ཐོག་ནས་བྱམས་བརྩེའི་ནུས་པ་འཕེལ་ཐབས་གནང་བཞིན་པའི་སྐོར་བཀའ་གནང་ཞིང་། དེ་ཡང་༧གོང་ས་མཆོག་གིས་འཛམ་གླིང་ནང་གི་དཀའ་ངལ་མང་ཆེ་བ་མིས་བཟོས་པ་དང་། དེ་ཡང་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་དང་གཞན་ཕན་གྱི་བསམ་བློ་མེད་པའི་རྐྱེན་གྱིས་འབྱུང་བཞིན་པ་བཀའ་གནང་ཡོད་པ་རེད། དེ་བཞིན་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མའི་ཐོུང་གི་བསླབ་བྱ་ནི་བྱམས་པ་དང་བཟོད་སྲན་སོགས་ཉམས་ལེན་བྱེད་པ་བརྒྱུད་མི་བཟང་པོ་ཞིག་བཟོ་ཐབས་དེ་ཡིན་སྟབས། ཆོས་ལུགས་ཕན་ཚུན་དབང་གུས་བརྩི་དང་མཐུན་ལམ་དགོས་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་སྟབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆོས་པ་ཞིག་ཡིན་པའི་ངོ་བོའོ་ཐོག་ནས་འཛམ་གླིང་ནང་གི་ཆོས་ལུགས་ཕན་ཚུན་དབར་མཐུན་བསྒྲིལ་གོང་འཕེལ་གཏོང་ཐབས་གནང་བཞིན་པ་ངོ་སྤྲོད་གནང་ཡོད་པ་རེད། གཞན་ཡང་༧གོང་ས་མཆོག་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རྩ་ཆེའི་ཁོར་ཡུག་སྲུང་སྐྱོབ་དང་། ཆོས་དང་རིག་གཞུང་བདག་བཟུང་བྱེད་རྒྱུ་དེ་ཐུགས་འགན་གཙོ་བོ་ཞིག་ཡིན་པ་དང་། ཆབ་སྲིད་ཀྱི་ལས་འགན་དེ་མི་མང་གིས་བདམས་པའི་འགོ་ཁྲིད་ལ་རྩིས་སྤྲད་ཟིན་པ་ཡིན་ཞེས་བཀའ་སློབ་རྩལ་རྗེས། དྲི་བར་ལན་འདེབས་གནང་ནས་རྩེད་འགྲན་པ་ཚོས་དགའ་ཚོར་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་རེད།
འདས་པའི་ལོ་ཤས་ནང་བཟུང་དྷོ་ལ་དྷར་གངས་རིའི་མུ་འཁྱུད་རྒྱབ་ལྗོངས་སུ་ཡོད་པའི་རྡ་རམ་ས་ལའི་ཀིརི་ཀེཊ་རྩེད་ཐང་ནི་རྒྱ་གར་ནང་ཆེས་དགའ་མོས་ཆེན་པོ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་ལ། ལྷག་པར་དུ་རྡ་རམ་ས་ལ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་ཡང་ཆགས་ཡོད་སྟབས། རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཀིརེ་ཀེཊ་རྩེད་འགྲན་བྱ་ཡུལ་གྲགས་ཅན་ཞིག་ཏུ་གྱུར་ཡོད་པ་རེད།
ཕྱི་ཟླ་ ༣ ཚེས་ ༢༥ ནས་ ༢༩ བར་རྡ་རམ་ས་ལར་གོང་ཞུས་ཨོསི་ཏྲེ་རི་ལི་ཡའི་Australia Cricket ་དབྱུག་རྩེད་སྤོ་ལོའི་རུ་ཁག་དང་རྒྱ་གར་གྱི་རུ་ཁག་བར་འགྲན་བསྡུར་བྱ་རྒྱུ་ཡིན་འདུག།
གསར་འགོད་པ་བསོད་ནམས་ལྷ་མོ།