དགའ་ལྡན་ཤར་བྱང་གི་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་དྷ་ལིཏ་ལས་འགུལ་ཚོགས་པ་བཙུགས་ནས་ལོ་ ༥༠ འཁོར་བའི་མཛད་སྒོར་ཕེབས་ཞུགས་གནང་པ།
ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༧ ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་རྒྱ་གར་ཀར་ཎ་ཊ་ཀ་མངའ་སྡེའི་གྲངས་ཉུང་མི་རིགས་དྷ་ལིཏ་ལས་འགུལ་ཚོགས་པ་བཙུགས་ནས་ལོ་ ༥ ༠འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་གཙོ་བོ་མོན་གྷོ་དྷ་ལིཏ་ནང་པའི་འགོ་ཁྲིད་རྣམ་པས་མོན་གྷོ་འདོད་རྒུ་གླིང་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་དང་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་བསྟན་པ་མཆོག་རྣམ་གཉིས་གདན་ཞུས་ལྟར། སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ལུགས་མཐུན་སྒྲིལ་གྱི་དགོངས་གཞི་དང་མཐུན་པར་ལྷན་ཞུགས་གནང་ཡོད་སྐོར་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ད་དུང་དགའ་ལྡན་ཤར་བྱང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པས་བོད་ནང་རྒྱ་གར་ནས་ནང་ཆོས་དར་ཁྱབ་བྱུང་སྟེ་འཕགས་བོད་གཉིས་ཆོས་དང་རིག་གཞུང་གི་ཐོག་ནས་ཡུན་རིང་འབྲེལ་བ་གཏིང་ཟབ་ཡོད་པ་ངོ་སྤྲོད་དང་འབྲེལ་ཉེ་རབས་བོད་མི་བཙན་བྱོལ་བ་མང་ཤོས་རྒྱ་གར་ནང་ཡོད་པ་རྣམས་ལ་རྒྱ་གར་དབུས་སའི་གཞུང་ནས་གཟིགས་རྟོག་གི་བཀྲིན་སྐྱོང་བཞིན་པ་རྗེས་དྲན་ཞུས་པ་སོགས་ཀྱི་གསུང་བཤད་གནང་ཡོད་འདུག
ལྷན་ཚོགས་དེའི་ཐོག་རྒྱ་གར་ཀར་ཎ་ཊ་ཀ་མངའ་སྡེའི་ཟ་འབྲུ་བློན་ཆེན་དང་གྲོས་ཚོགས་འཐུས་མི་ཁག་ཅིག གཞན་ཡང་མངའ་སྡེ་དྷ་ལིཏ་དབུས་ས་གཉིས་ཀྱི་ཚོགས་གཙོ་དང་རྒྱུན་ལས། རྒྱ་གར་གྱི་དྷ་ལིཏ་གྲངས་ཉུང་མི་རིགས་ནང་པ་ཡིན་པ་དང་མ་ཡིན་པ་བཅས་ཁྱོན་མི་གྲངས་ལྔ་སྟོང་བརྒལ་བ་ཞིག་ལྷན་ཞུགས་ཐོག་ཀར་ན་ཊ་ཀ་མངའ་སྡེའི་དྷ་ལིཏ་གྲངས་ཉུང་མི་རིགས་ཚོགས་པའི་ཚོགས་གཙོས་ལྷན་ཚོགས་དེའི་ཐོག་དེ་སྔ་ཁོང་དགའ་ལྡན་ཤར་བྱང་གཉིས་ཀྱིས་གོ་སྒྲིག་གནང་པའི་འཕགས་བོད་མཁས་པའི་བགྲོ་གླེང་གྱི་ཐོག་ལྷན་ཞུགས་གནང་སྐབས་བོད་པའི་དགོན་སྡེ་ཁག་གི་ཁོར་ཡུག་གནས་སྟངས་སོགས་ལ་གདེང་འཇོག་ཆེན་པོའི་བཀའ་མོལ་གནང་ཡོད་པ་ཤར་རྩེ་མཁན་རིན་པོ་ཆེ་མཆོག་གིས་མུ་མཐུད་གསུང་བྱུང་།
རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་ནང་རིགས་རུས་དམན་པ་དྷ་ལིཏ་གྲངས་ཉུང་མི་རིགས་ལས་འགུལ་ཚོགས་པ་དེ་ནི་རྒྱ་གར་སྤྱི་དང་ལྷག་པར་ཀར་ཎ་ཊ་ཀ་མངའ་སྡེའི་ནང་ཕྱི་ནང་གང་སར་རིགས་རུས་དམན་པ་རྣམས་ལ་རིགས་མཐོ་བ་རྣམས་ཀྱིས་མཐོང་ཆུང་ཁྱད་གསོད་ཀྱི་དབྱེ་འབྱེད་བྱེད་སྲོལ་ཡོད་པའི་ལམ་ལུགས་དེར་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཆེད་ཕྱི་ལོ་ ༡༩༧༤ ལོར་གཙོ་བོ་རྒྱ་གར་ཀར་ཎ་ཊ་ཀ་མངའ་སྡེའི་ནང་ B. Krishnapa ཞེས་པའི་སློབ་དཔོན་ཆེན་པོ་ཞིག་སྣེ་ཁྲིད་འོག་རྒྱ་གར་ཀར་ཎ་ཊ་ཀ་མངའ་སྡེའི་ནང་དྷ་ལིཏ་གྲངས་ཉུང་མི་རིགས་ཀྱི་ལས་འགུལ་ཚོགས་པ་བཙུགས་པ་ནས་བཟུང་ལྷན་ཚོགས་དེས་དྷ་ལིཏ་གྲངས་ཉུང་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད་འདུག་ལ། ཀར་ཎ་ཊ་མངའ་སྡེའི་ནང་དྷ་ལིཏ་གྲངས་ཉུང་མི་རིགས་བརྒྱ་ཆ་ ༡༨ ཙམ་ཡོད་པ་རེད།།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།