རྒྱ་ནག་གཞུང་གིས་འབྲི་ཆུའི་སྟེང་འཛམ་གླིང་ནང་གི་ཆུ་རག་ཆེ་ཤོས་ཞིག་གསར་རྒྱག་བྱས་འདུག

2021.06.29
རྒྱ་ནག་གཞུང་གིས་འབྲི་ཆུའི་སྟེང་འཛམ་གླིང་ནང་གི་ཆུ་རག་ཆེ་ཤོས་ཞིག་གསར་རྒྱག་བྱས་འདུག འབྲི་ཆུའི་སྟེང་བརྒྱབ་པའི་ཆུ་རག་གསར་པ་(Bai he tan)་ཞེས་པ། ༦།༢༦།༢༡
AFP

རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་འབྲི་ཆུའི་སྟེང་འཛམ་གླིང་ནང་གི་ཆུ་རག་ཆེ་ཤོས་ཞིག་གསར་རྒྱག་སྒོ་འབྱེད་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་འབྲི་ཆུའི་སྟེང་བརྒྱབ་པའི་ཆུ་རག་གསར་པ་པའེ་ཧེ་ཐན་(Bai he tan)་ཞེས་པ་དེ། སི་ཁྲོན་ཞིང་ཆེན་ཉིང་ནན་རྫོང་དང་ཡུན་ནན་ཞིང་ཆེན་ཆའོ་ཅ་རྫོང་འབྲེལ་མཚམས་ཀྱི་འབྲི་ཆུའི་ཐོག་བརྒྱབ་ཡོད་པ་དང་། ཆུ་རག་དེས་སྐམ་གློག་གློག་ཤུགས་(Kilowatt)་ས་ཡ་བཅུ་དྲུག་འདོན་ཐུབ་པའི་ནུས་པ་ཡོད་པས། འཛམ་གླིང་ནང་སྐམ་གློག་ཕོན་ཆེ་ཤོས་འདོན་ཐུབ་རྒྱུ་ཡིན་པའི་སྐོར་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧཱ་གསར་འགྱུར་ལས་ཁང་གིས་གནས་ཚུལ་བཀོད་སྤེལ་བྱས་འདུག
འབྲི་ཆུ་ནི་བོད་ཀྱི་གདང་ལའི་རི་རྒྱུད་རྒྱ་ལ་རྩེ་ཟླུམ་གྱི་ལྷོ་ནུབ་ཕྱོགས་ནས་བབས་ཏེ། མཚོ་སྔོན་གྱི་ཡུལ་ཤུལ་དང་། དཀར་མཛེས་དང་བདེ་ཆེན་བཅས་ཀྱི་བོད་ཀྱི་ས་ཁུལ་གྱི་རྫོང་ ༡༤་བརྒྱུས་བཞུར་ནས་མཐར་ཤར་གྱི་རྒྱ་མཚོར་འབབ་ཀྱི་ཡོད་ལ་སྤྱིའི་རིང་ཚད་ནི་སྤྱི་ལེ་༦༣༠༠་ཡོད་པ་རེད།
རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་ད་ཐེངས་འབྲི་ཆུའི་སྟེང་ཆུ་རག་གསར་རྒྱག་འགོ་འབྱེད་ཐུབ་པ་དེར་དགའ་བསུའི་འཚམས་འདྲི་གནང་བ་སྦྲགས། ཆུ་རག་གི་ལས་འཆར་དེ་ནི་རྒྱ་ནག་གཞུང་གིས་རྒྱ་ནག་གི་ནུབ་ངོས་ནས་ཤར་ངོས་སུ་སྐམ་གློག་མཁོ་འདོན་བྱེད་རྒྱུའི་ལས་འཆར་གྱི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པའི་སྐོར་དང་། ལས་འཆར་དེ་འཛམ་གླིང་ནང་ཆུ་རག་ཆེ་ཤོས་ཤིག་ཡིན་པའི་སྐོར་བརྗོད་ཡོད་པ་རེད་འདུག
ཡང་ཁོང་གིས་ད་ཐེངས་རྒྱ་ནག་གི་(Bai he tan)་ཞེས་པའི་ཆུ་རག་དེ་རྒྱག་མཁན་རྒྱ་ནག་གི་འབྲི་ཆུ་འགག་གསུམ་ཆུ་རག་རྒྱག་མཁན་གྱི་ཚན་པ་དེས། ཆུ་རག་གི་ལས་དོན་མཇུག་སྐྱོང་བྱེད་སྒོ་ཁག་ལམ་ལྷོང་ལྡན་པའི་ཐོག་བྱེད་ཐུབ་པའི་རེ་བ་ཡོད་པའི་སྐོར་དང་། རྒྱ་ནག་གི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུར་རྒྱལ་ཁབ་ཀྱི་ཁོར་ཡུག་འབག་བཙོག་བཟོ་བའི་ནུས་ཤུགས་ལ་བརྟེན་རྒྱུ་མེད་པ་བཟོ་རྒྱུའི་ཐོག་ཞབས་འདེགས་ཞུ་དགོས་པའི་སྐོར་ཡང་གླེང་ཡོད་པ་རེད་འདུག
རྒྱ་ནག་གིས་དེ་སྔོན་ནས་འབྲི་ཆུའི་སྟེང་འཛམ་གླིང་ནང་གི་ཆུ་རག་ཆེ་ཤོས་འབྲི་ཆུ་འགག་གསུམ་ཞེས་པའི་ཆུ་རག་དེ་བརྒྱབ་ཟིན་ཡོད་པ་དང་། མ་འོངས་པར་བོད་ནས་རྒྱུགས་པའི་ཡར་ཀླུང་གཙང་པོའི་སྟེང་ཆུ་རག་ཆེན་པོ་ཞིག་རྒྱག་རྒྱུའི་འཆར་གཞི་ཡང་བཀོད་སྒྲིག་ཟིན་ཡོད་པ་རེད་འདུག
དེ་སྔ་རྒྱ་ནག་གཞུང་གིས་བོད་ནང་གི་རྫ་ཆུ་སོགས་ཆུ་བོ་ཆེན་པོ་མང་པོའི་ཐོག་ཆུ་རག་རྒྱབ་པ་དང་། ཆུ་བཀག་པ་སོགས་ལ་བརྟེན་གཤམ་འོག་གི་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་མྱོང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎