༢༠༠༨་ལོར་འཛིན་བཟུང་བྱས་བའི་ཟླ་ཤར་ལགས་བཙོན་གྲོལ་བྱུང་འདུག


2018.05.16
ཟླ་ཤར་ལགས་བཙོན་གྲོལ་རྗེས། ༢༠༡༨།༥།༡༥ ཟླ་ཤར་ལགས་བཙོན་གྲོལ་རྗེས། ༢༠༡༨།༥།༡༥
བོད་འབྱོར།

རྒྱ་ནག་གིས་ལོ་བཅུའི་ཁྲིམས་ཆད་བཏང་བའི་ཟླ་ཤར་ལགས་གློད་གྲོལ་ཐོབ་ནས་ཁོང་གི་ནང་མི་དང་ལྷན་འཛོམས་བྱུང་འདུག
དེ་ཡང་ཕྱི་ལོ་༢༠༠༨ ས་བྱི་ཞི་རྒོལ་སྐབས་སུ་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གྱི་གཞི་རྒྱ་ཆེ་བའི་ལས་འགུལ་བྱུང་བའི་རྗེས། རྔམ་སྟོན་ནང་དུ་ཞུགས་པའི་ཉེས་མིང་འོག་ ༢༠༠༨ ཟླ་ ༣ ཚེས་ ༡༥ ཉིན་རྫ་ཆུ་ཁ་ནས་ཡིན་པ་ཟླ་ཤར་ལགས་འཛིན་བཟུང་བྱས་ནས། རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཚོང་པའི་ལས་ལ་འཇུག་པའི་ཉེས་མིང་བཏགས་ནས་ལོ་ ༡༠ དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཀེལ་བ་ལྟར་ད་ཆ་དུས་ཡུན་ཟིན་ཏེ། ༢༠༡༨ ཕྱི་ཟླ་ ༥ ཚེས་ ༡༥ ཉིན་ལྷ་སའི་གྲྭ་བཞི་བཙོན་ཁང་ནས་གློད་གྲོལ་གྱིས་ཕྱི་ཚེས་ ༡༦ རྫ་ཆུ་ཁར་ཁོང་གི་བཟའ་ཟླ་དང་ལྷན་དུ་ལྷན་འཛོམས་བྱུང་ཞིང་།  ནང་མི་ཉེ་འབྲེལ་ཚོས་དགའ་བསུ་ཞུ་བའི་དཔར་རིས་དང་བརྙན་པར་བཅས་ཨོས་ཀྲེ་ལི་ཡའི་སྦིརིསྀ་སྦེན་ནང་གནས་བཞུགས་ཁོང་གི་བོུ་བསྟན་འཛིན་ཉི་སྒྲོན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཁོང་གིས་གསུངས་ན། ཕྱི་ཟླ་ ༣ ཚེས་ ༡༥ལ་ལོ་བཅུའི་དུས་བཀག་རྫོགས་ཀྱི་ཡོད་ཀྱང་། དུས་ཡུན་ཟླ་བ་གཉིས་འཕར་མ་བཀག་ཉར་གྱིས་ཕྱི་ཟླ་ ༥ ཚེས་ ༡༥ ཉིན་གྲྭ་བཞི་བཙོན་ཁང་ནས་གློད་གྲོལ་བཏང་སྟེ། སེར་ཤུལ་རྫ་ཆུ་ཁ་རུ་ཨ་མ་ལགས་དང་ལྷན་དུ་མཉམ་འཛོམས་ཀྱི་དགའ་སྣང་ཆེན་པོ་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ཟླ་ཤར་ལགས་ཕ་ཡུལ་རང་ཁྱིམ་དུ་འབྱོར་ཟིན་པའི་རྗེས་བསྟན་འཛིན་ཉི་སྒྲོན་ལགས་དང་ཞལ་པར་ཐོག་བཀའ་མོལ་ཐུང་ཙམ་ཞིག་བྱུང་འདུག་ཅིང་། བསྟན་འཛིན་ཉི་སྒྲོན་ལགས་ཀྱིས། པཱ་ལགས་དང་མཉམ་དུ་སྐར་མ་གཉིས་རིང་ལ་སྐད་ཆ་ཤོད་རྒྱུ་བྱུང་བས། བདེ་པོ་ཡིན་ཟེར་བ་ཙམ་ལས་སྨན་ཁང་དུ་མགྱོགས་མྱུར་རྟག་དཔྱད་བྱ་རྒྱུ་ཡིན་འདུག་པས་འཕྲོད་བསྟེན་གནས་སྟངས་སྐོར་ཤེས་རྟོགས་ཡོང་གི་རེད་ཅེས་དང་། ཡིན་ཡང་པཱ་ལགས་ཀྱི་ངོ་མདོག་ལ་བལྟས་དུས་སྐྱོ་པོ་འདུག་ཅེས་བློ་འཚབ་ཀྱི་རྣམ་པའི་ཐོག་ནས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎