དངོས་ཁམས་ཚན་རིག་པ་ཞིག་དང་འབྲེལ་བའི་གློག་བརྙན་༼མཐའ་མེད་པའི་ནུས་པ།༽

2020-06-22
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མི་རི་ཀའི་དངོས་ཁམས་ཚན་རིག་གི་ལྟ་གྲུབ་སྨྲ་བ་གྲགས་ཅན་དམ་པ་(David Bohm)་ལགས་དང་༧གོང་ས་མཆོག
ཨ་མི་རི་ཀའི་དངོས་ཁམས་ཚན་རིག་གི་ལྟ་གྲུབ་སྨྲ་བ་གྲགས་ཅན་དམ་པ་(David Bohm)་ལགས་དང་༧གོང་ས་མཆོག
དྲ་བཤུས།

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་དང་ཐུགས་འབྲེལ་ཡོད་པའི་དངོས་ཁམས་ཚན་རིག་པ་དམ་པ་(David bohm)་ལགས་ཀྱི་མི་ཚེ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་ཕབ་བསྐྲུན་བྱས་འདུག
འཛམ་གླིང་ཁྱོན་དུ་དུས་རབས་ཉི་ཤུ་བའི་ནང་དངོས་ཁམས་ཚན་རིག་གི་ལྟ་གྲུབ་སྨྲ་བ་གལ་གནད་ཆེ་ཤོས་ཤིག་ཏུ་བརྩི་སྲོལ་ཡོད་པ་དང་། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་རྣམ་ཀུན་སྐུ་ཉིད་ཀྱི་ཚད་རྡུལ་དངོས་ཁམས་རིག་པའི་དགེ་རྒན་དུ་འབོད་པ་དང་། ཚན་རིག་པ་གྲགས་ཅན་ཨན་སི་ཐན་གྱིས་ཁོང་གི་དགེ་ཕྲུག་ཏུ་བརྩིས་པ། ཨ་མི་རི་ཀའི་དངོས་ཁམས་ཚན་རིག་གི་ལྟ་གྲུབ་སྨྲ་བ་གྲགས་ཅན། སྐུ་ཞབས་དམ་པ་(David Bohm)་ལགས་གྱི་མི་ཚེ་དང་བསམ་བློའི་སྐོར་གྱི་དངོས་བྱུང་གློག་བརྙན། མཐའ་མེད་པའི་ནུས་པའམ་(Infinite potential)་ཟེར་བ་ཞིག་གློག་བརྙན་འཁྲབ་ཁྲིད་པ་(Paul Howard)་ལགས་ཀྱིས་ཕབ་བསྐྲུན་བྱས་ཡོད་པ་དང་། དེ་རིང་མིན་སྤྱི་ཟླ་༧་པའི་ཚེས་༦་ཉིན་༧གོང་ས་མཆོག་གི་འཁྲུངས་སྐར་དང་བསྟུན་རྟེན་འབྲེལ་མཚོན་པར་དབུ་འབྱེད་གནང་གཏན་འཁེལ་ཡོད་པ་མ་ཟད། སྐབས་དེར་བོད་བརྒྱུད་ནང་ཆོས་མཁས་པ་(Robert Thurman)་ལགས་དང་དགེ་བཤེས་ཐུབ་བསྟན་སྤྱིན་པ་སོགས་ཚུད་པའི་ཤར་ནུབ་མཁས་པ་ཁག་ཅིག་གིས་དྲ་ལམ་བརྒྱུད་བགྲོ་གླེང་གནང་རྒྱུ་ཡིན་འདུག
གློག་བརྙན་དེའི་ནང་༧གོང་ས་མཆོག་གིས་(David bohm)་ལགས་ནི་ང་ཚོའི་བློ་སྒོ་འབྱེད་མཁན་ལྟ་བུ་དེ་ཡིན་པས་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པར་གདེང་འཇོག་གནང་ཡོད་པ་རེད།
ཡང་༧གོང་ས་མཆོག་གིས་(David bohm)་ལགས་ནི་ཕྱི་དོན་དུ་གྲུབ་པ་རྡུལ་ཙམ་ཡང་མེད་པར། ཡོད་ཚད་ནང་ཤེས་པའི་བདག་ཉིད་ལ་བརྟེན་པར་སྨྲ་བ། ཚད་རྡུལ་དངོས་ཁམས་རིག་པ་ལ་དོ་སྣང་ཆེན་པོ་ཡོད་པའི་ཚན་རིག་པ་ཞིག་ཡིན་པ་དང་། ཚན་རིག་པ་མི་རབས་གསར་པ་ཚོ་དང་ཁྱད་པར་ཚད་རྡུལ་དངོས་ཁམས་རིག་པ་ལ་སློབ་གཉེར་པ་ཚོས་ནན་ཏན་གནང་གལ་ཆེན་པོ་དང་། ངོས་རང་གི་ཉམས་མྱོང་ཕྲན་བུ་ཞིག་ཡོད་པའི་ཐོག་ནས་ལབ་ན། རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་རྣམ་གཞག་ཁག་ཚན་རིག་ཟླ་སྒྲིལ་བཏང་ན་བེད་སྤྱོད་ཡག་པོ་རེད་ཅེས་བཀའ་གནང་འདུག
གློག་བརྙན་འཁྲབ་ཁྲིད་པ་(Paul Howard)་ལགས་ཀྱིས་ཕྱོགས་བསྒྲིགས་གནང་བ་མཐའ་མེད་པའི་ནུས་པ་ཟེར་བའི་གློག་བརྙན་དེ། སྐུ་ཞབས་དམ་པ་(David་bohm)་དང་༧གོང་ས་མཆོག་གི་མཛའ་འབྲེལ་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད། ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་གི་བོད་ཀྱི་ཁང་པས། དམིགས་བསལ་གྱིས་གློག་བརྙན་དེ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་སྤྱན་འབུལ་གནང་གི་ཡོད་པ་རེད།
(Quantum theory)་དངོས་ཁམས་རིག་པའི་ལྟ་གྲུབ་རྣམ་གཞག་དང་ཀླད་རྩའི་མྱོང་ཚོར་རིག་པ། ནང་སེམས་ཀྱི་མཚན་ཉིད་རིག་པ་བཅས་ལ་མཁས་པ་ཆེན་པོར་བརྩི་སྲོལ་ཡོད་པ། སྐུ་ཞབས་ཌ་ཝི་ཌི་སྦོཧམ་ལགས་ནི། སྤྱི་ལོ་༡༩༡༧་ལོར་ཨ་མི་རི་ཀའི་ནང་འཁྲུངས་ཏེ་འཚར་ལོངས་སློབ་གཉེར་གནང་ཡོད་ནའང་། གྲང་དམག་གི་སྐབས་སུ་ཁོང་ནི་དམར་ཤོག་ཚོགས་མི་ཟུར་པ་ཞིག་ཡིན་པ་སོགས་ཀྱིས། ཨུ་རུ་སུ་དམར་ཤོག་དང་འབྲེལ་བ་ཡོད་པར་དོགས་པ་བྱས་ཏེ་འཛིན་བཟུང་བཀག་བསྐྱིལ་དང་། ཨ་མི་རི་ཀ་ནས་ཕྱིར་ཕུད་ཀྱི་ཉེན་ཁ་སོགས་བྱུང་བར་བརྟེན། ཐོག་མར་བྷི་ར་ཛལ་དང་རིམ་པས་དབྱིན་ཡུལ་གྱི་ནང་གནས་སྤོས་མི་སེར་བཟོས་ནས། ༧གོང་ས་མཆོག་སོགས་ཤར་ནུབ་ཀྱི་མཁས་དབང་སྣ་ཚོགས་ལ་མཇལ་འཕྲད་བགྲོ་གླེང་བྱུང་ཡོད་ཁར། གཞི་དངོས་པའི་གནས་ཚུལ་དང་ཚད་རྡུལ་རིག་པའི་ལྟ་གྲུབ། ནང་སེམས་དང་ཀླད་རྩའི་མྱོང་ཚོར་སོགས་ཀྱི་ཐོབ་བརྩམས་ཆོས་ཤིན་ཏུ་མང་པོ་བཏོན་ཡོད་ཅིང་། སྤྱི་ལོ་༡༩༩༢་ལོར་སེམས་ངལ་དང་ཡི་མུག་པའི་ན་ཚས་ཐེངས་མང་མནར་ཏེ། མཐར་སྙིང་རྩ་འགག་ནས་དབྱིན་ཇིའི་རྒྱལ་ལ་ས་ལོན་ཌོན་དུ་སྐུ་གཤེགས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།