བཞུགས་སྒར་རྡ་སའི་བདེ་ལེགས་སྨན་ཁང་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་འདུག

2022.10.04
Share on WhatsApp
Share on WhatsApp
བཞུགས་སྒར་རྡ་སའི་བདེ་ལེགས་སྨན་ཁང་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་འདུག བདེ་ལེགས་སྨན་ཁང་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་མཛད་སྒོའི་སྐབས། ༡༠།༠༤།༢༠༢༢
RFA / Dhasa

འདི་ཚེས་༤ཉིན་བཞུགས་སྒར་དུ་ཡོད་པའི་བོད་ཀྱི་བདེ་ལེགས་སྨན་ཁང་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༥༠འཁོར་བའི་མཛད་སྒོ་སྲིད་སྐྱོང་མཆོག་སྐུ་མགྲོན་དུ་ཕེབས་ནས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་ཚོགས་ཡོད་པ་དང་། སྐབས་དེར་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། བདེ་ལེགས་སྨན་ཁང་དབུ་བརྙེས་རྗེས་ཕྱི་ལོ་༡༩༧༩ཟླ་བ་༡ཚེས་༡ཉིན་བོད་གཞུང་ལ་རྩིས་འབུལ་ཞུས་པ་ནས། འགན་འཛིན་ལས་བྱེད་ཀྱང་གཞུང་ནས་བསྐོ་འཛུགས་གནང་འགོ་བཙུགས་པ་དང་། ཕྱིས་སུ་བོད་གཞུང་སྨན་རྩིས་ཁང་དང་འབྲེལ་ལམ་བཟང་པོས་བོད་ཀྱི་གསོ་རིག་དང་དེང་རབས་ཀྱི་གསོ་རིག་ཕན་ཚུན་ཉམས་ཞིབ་ཀྱི་ལས་དོན་ཡར་རྒྱས་ལ་འབད་པ་ཞུ་བཞིན་ཡོད་པ་དང་། ད་ལྟའི་ཆར་སྨན་བཅོས་ཡོ་བྱད་ཀྱི་ཆ་ནས་སྨན་ཁང་ལེགས་གྲས་ཤིག་ཆགས་ཡོད། ཡོ་བྱད་ཀྱི་མ་གནས་སྒོར་འབུམ་༡༡༨ཡོད་སྟབས། བོད་མི་ཚོས་བེད་སྤྱོད་གང་མང་གནང་རྒྱུ་གལ་ཆེན་ཡིན་པ་གསུངས་སོང་།
བོད་གཞུང་བདེ་ལེགས་སྨན་ཁང་ནི། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། ཕྱི་ལོ་༡༩༧༡ཟླ་བ་༡༠ཚེས་༤ཉིན་སྤྱི་ཟུར་རི་ཞིང་ཚེ་དབང་རིག་འཛིན་དམ་པས་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ཐོག་མར་མི་སྣ་༥ཡིས་ལས་དོན་གཉེར་ཡོད་ཅིང་། ད་ལྟའི་ཆར་བདེ་ལེགས་སྨན་ཁང་ནང་སྒོ་བསྟེན་དང་། ནང་བསྟེན། སོ། མིག་དབང་། ཕོ་བ། གློག་པར་དང་རྗས་འགྱུར། ཊི་སྦི་བཅས་ཀྱི་བརྟག་དཔྱད་ཚན་པ། སྤྱི་ཚོགས་འཕྲོད་བསྟེན་སློབ་གསོ། སྨན་མཛོད་ཁང་། མེག་གྷན་ཡན་ལག་སྨན་ཁང་། ཅནྜི་གྷར་ནང་གསོ་ཁང་། དུས་བཀག་གཟུགས་གཞི་བརྟག་དཔྱད་ཚན་པ་བཅས་སྡེ་ཚན་༡༢ཡོད་འདུག
ད་རེས་མཛད་སྒོའི་ཐོག་༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་བོད་གཞུང་བདེ་ལེགས་སྨན་ཁང་དུ་ཞབས་ཞུ་གནང་ནས་ལོ་ངོ་༤༠འཁོར་བའི་བཀའ་དྲིན་རྗེས་དྲན་གནང་བ་དང་འབྲེལ། ༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བླ་སྨན་པའི་ཕྱག་ལས་གནང་རྒྱུ་བྱུང་བ་ནི་བསོད་ནམས་ཆེན་པོར་ངོས་འཛིན་དང་། དེང་དུས་ཀྱི་སྨན་པའི་ཆ་རྐྱེན་གལ་ཆེ་ཞིག་ནི་གཙོ་བོར། སྨན་པའི་བརྒྱུད་ལ་སྙིང་རྗེ་དགོས་རྒྱུ་དེ་གལ་ཆེ་ཡིན་པ་བཞིན། ཐོག་མར་གཞན་གྱི་སྡུག་བསྔལ་དེ་རང་བརྒྱུད་ལ་ཚོར་ནས་དེ་ནས་སྙིང་རྗེ་ཡོང་བ་དང་དེས་ནད་པ་ལ་སྤྱི་ཡོངས་ཀྱི་བརྟག་དཔྱད་ལ་ཕན་ནུས་ཆེན་པོ་ཡོད་པ་གསུངས་གནང་སོང་།
༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ནི། བོད་དུ་ས་འདུ་ཚང་ཁྱིམ་ཚང་དུ་འཁྲུངས་ཤིང་། ཕྱིས་སུ་རྡོ་རྗེ་གླིང་ནས་(St. Joseph’s School)་ནས་སློབ་སྦྱོང་གནང་རྗེས། (Pondicherry)་རུ་རྟེན་གཞི་བྱས་པའི་(Jimper)་ནས་སྨན་གྱི་སློབ་མཐར་སོན་རྗེས་དབྱིན་ཡུལ་དུ་(London’s Royal Free Hospital)་ནས་ཊི་སྦི་དང་བྲང་ཁོག་གི་ནད་གཞིའི་ཐོག་དམིགས་བསལ་སློབ་སྦྱོང་གནང་། ཕྱི་ལོ་༡༩༨༢ལོར་ཨ་རིར་སློབ་སྦྱོང་གནང་རྗེས་ཕྱི་ལོ་༡༩༨༣ལོ་ནས་བཟུང་ད་བར་བོད་གཞུང་བདེ་ལེགས་སྨན་ཁང་དུ་སྤྱི་ཁྱབ་སྨན་པའི་ཕྱག་ལས་གནང་མུས་ཡིན་འདུག
སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། བདེ་ལེགས་སྨན་ཁང་གི་ལས་བྱེད་ཡོངས་ཀྱིས་ད་བར་སྐུ་ལས་འཛེམས་མེད་བསྐྱོན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་འབྲེལ། ༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་མི་ཚེའི་ནང་ཐག་གཅོད་གལ་ཆེ་ཞིག་གནང་བ་དེ་ནི་ཨ་རི་ནས་རྒྱ་གར་ལ་ཕྱིར་ལོག་གནང་བ་དེ་ཡིན་པ་དང་། ཁོང་གི་ཐག་གཅོད་དེ་ལྟ་བུ་ནི་ཚང་མས་མིག་དཔེ་ལྟ་འོས་པ་ཞིག་ཡིན་པ་གསུངས་སོང་།
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། བདེ་ལེགས་སྨན་ཁང་གི་ལོ་ངོ་༥༠ནང་གཟེངས་སུ་ཐོན་པའི་ཕྱག་ལས་གནང་བར་འབྲེལ་ཡོད་འགན་འཛིན་རིམ་པ་དང་ལས་བྱེད་ཡོངས་ལ་བསྔགས་བརྗོད་གནང་བ་དང་འབྲེལ། བདེ་ལེགས་སྨན་ཁང་གི་ངོས་ནས་མུ་མཐུད་ནས་ཆོད་སེམས་ཆེན་པོས་བཙན་བྱོལ་སྤྱི་ཚོགས་ནང་སྨན་གྱི་མཐུན་རྐྱེན་དང་ཡོ་བྱད་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ། ཡུལ་མི། དེ་བཞིན་སེམས་ཁམས་མི་བདེ་བ་རྣམས་ལ་ཞབས་འདེགས་ཞུ་རྒྱུ་གལ་ཆེ་ཡིན་པ་གསུངས་སོང་།
བོད་གཞུང་བདེ་ལེགས་སྨན་ཁང་གི་ལས་གཞི་གལ་ཆེན་གྲས་ཊི་སྦི་འགོག་བཅོས་ཀྱི་ལས་གཞི་ནི། ཕྱི་ལོ་༡༠༨༠ལོར་ཊི་སྦི་ལྟ་རྟོག་ཁང་ཟུར་འཛུགས་དང་། ཕྱི་ལོ་༡༩༨༢ལོར་ཊི་སྦིའི་ནང་བསྟེན་ཚན་པ་གསར་རྒྱག་གིས་རྡ་སའི་ཉེ་འཁོར་དང་བཙན་བྱོལ་སྤྱི་ཚོགས་ཁྲོད་ཊི་སྦི་སྔོན་འགོག་གི་ལས་དོན་ཆེན་པོ་གྲུབ་ཡོད་པདང་། ཕྱི་ལོ་༢༠༠༠ནས་ས་གནས་རྒྱལ་སྤྱིའི་(Rotary)་ཚོགས་པ་མཉམ་སྦྲེལ་གྱིས་ལོ་ལྟར་རིན་མེད་སྐོར་སྐྱོད་སྨོན་བཅོས་ཞུ་བཞིན་ཡོད་ཅིང་། ལྷག་པར་དུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྐབས། མང་ཚོགས་ལ་ཏོག་དབྱིབས་ནད་ཡམས་སྔོན་འགོག་སྨན་ཁབ་རིན་མེད་ཕུལ་ནས་སྒོར་ས་ཡ་བཞི་དང་འབུམ་༣ལྷག་གི་འགྲོ་གྲོན་བཏང་ཡོད་འདུག

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་ནང་རིམས་ནད་དམ་དྲགས་ལ་ངོ་རྒོལ་དང་འབྲེལ་བོད་ནང་གི་མཚོ་སྔོན་ཟི་ལིང་དུ་མི་མང་ཕྱི་ལ་འབུད་མི་ཆོག་པའི་བཀོད་ཁྱབ་གཏོང་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎