དད་པས་རྣམ་དཔྱོད་བེད་སྤྱོད་གཏོང་རྒྱུར་འགོག་རྐྱེན་བཟོ་བཞིན་མེད།

2015-03-24
གློག་འཕྲིན།
མཆན།
Share
པར་བཀོད།

ཕྱི་ཚེས་༢༤ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལྡི་ལི་གཙུག་ལག་སློབ་གྲྭའི་ནང་བཀའ་སློབ་སྩོལ་བཞིན་པ།
ཕྱི་ཚེས་༢༤ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལྡི་ལི་གཙུག་ལག་སློབ་གྲྭའི་ནང་བཀའ་སློབ་སྩོལ་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསོད་ནམས་དབང་འདུས།

༧གོང་ས་མཆོག་གིས་ཆོས་ཀྱི་དད་པས་འགྲོ་བ་མིའི་ཀླད་པའི་རྣམ་དཔྱོད་བེད་སྤྱོད་ཆ་ཚང་གཏོང་རྒྱུར་འགོག་རྐྱེན་བཟོ་བཞིན་མེད་པ་གསུངས།
དེ་ཡང་དེ་རིང་སྤྱི་ཚེས༢༤ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཚན་རིག་དང་ཤེས་ཡོན། ཀུན་སྤྱོད་སློབ་སྦྱོང་སྤྲོད་ཕྱོགས་ཐད་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་ཆོས་ཀྱི་དད་པས་འགྲོ་བ་མིའི་ཀླད་པའི་རྣམ་དཔྱོད་བེད་སྤྱོད་ཆ་ཚང་གཏོང་རྒྱུར་འགོག་རྐྱེན་བཟོ་བཞིན་མེད་པའི་བཀའ་ཕེབས་ཡོད་པ་དང་། ༧གོང་ས་མཆོག་གིས། དེང་སྐབས་འགྲོ་བ་མིའི་རྒྱུད་དུ་ཕྱིའི་དངོས་པོ་ཡར་རྒྱས་དང་འབྲེལ་བའི་ཤེས་ཡོན་དང་སློབ་སྦྱོང་སྤྲོད་པ་ལས་ནང་སེམས་ཀྱི་ཡ་རབས་སྤྱོད་བཟང་ཡར་རྒྱས་གཏོང་ཐབས་ཀྱི་སློབ་སྦྱོང་སྤྲོད་རྒྱུ་ཡང་དེ་བས་གལ་ཆེན་པོ་ཡིན་པ་དང་། ལྷག་དོན་འགྲོ་བ་མིི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ནི་གཅིག་གྱུར་ཡིན་ཞིང་། འཛམ་གླིང་དེའི་སྟེང་གི་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མར་བདེ་བ་འདོད་པ་ཤ་སྟག་ཡིན་པར་བརྟེན་ནས། དུས་རབས་༢༡ པ་དེ་ནི་འཚེ་བ་མེད་པའི་ཞི་བདེ་དང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་འགན་འཁྲི་ང་ཚོ་ཚང་མར་ཡོད་པ་དང་། དེ་ལྟ་བུའི་སྤྱི་ཚོགས་ཤིག་བསྐྲུན་པའི་ཐབས་ཤེས་བཟང་ཤོས་ནི། ཆོས་ལུགས་དང་མ་འབྲེལ་བའི་ཡ་རབས་བཟང་པོའི་ཡོན་ཏན་ཡར་རྒྱས་གཏོང་རྒྱུ་དེ། ཆོས་ལུགས་ཀྱི་གནད་དོན་ཙམ་མིན་པར་ཆོས་ཁས་མི་ལེན་མཁན་ཚང་མས་འགྲུབ་ཐུབ་པ་ཞིག་ཡིན་སྟབས། སྤྱི་ཚོགས་ནང་སློབ་གྲྭ་མང་ཙམ་བཙུགས་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཚང་མའི་སློབ་ཚན་གྱི་ཁོངས་སུ་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་སློབ་མ་ཚོའི་སེམས་རྒྱུད་དུ་བཟང་པོའི་ཡོན་ཏན་གོང་འཕེལ་གཏོང་ཐབས་སྐོར་སློབ་ཁྲིད་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་བཀའ་སློབ་བསྩལ་ཡོད་པ་རེད།
རྒྱལ་ས་ལྡི་ལིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཕྱི་ཟླ་གསུམ་པའི་ཚེས་༢༤དང་༢༥ཉིན་གྲངས་ཉིན་རིང་ཨ་རི་དང་། ཉི་ཧོང། སོག་པོ། རྒྱ་གར་སོགས་ཀྱི་ཚན་རིག་པ་དང།་ཀུན་སྤྱོད་ཐད་ཀྱི་ཚན་རིག་པ། ཤེས་ཡོན་ཅན་སོགས་འདུ་འཛོམས་གནང་བའི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་དེ་རིང་ལྷན་ཚོགས་དབུ་ཚུགས་ཉིན་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱང་གནང་མཛད་དེ། ལྡི་ལིའི་གཙུག་ལག་སློབ་གྲྭས་ལྷན་ཚོགས་དེ་ལྟ་བུ་གོ་བསྒྲིགས་གནང་བར་བསྔགས་བརྗོད་མཛད་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

ཞིབ་ཕྲ་འདི་གའི་གསར་འགོད་པ་བསོད་ནམས་དབང་འདུས་ལགས་ཀྱིས་ལྡི་ལི་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎

མཆན། (0)
Share
དྲ་གནས་ཆ་ཚང༌།